བལ་ཡུལ་གྱི་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་ཛ་དྲག་བྱུང་བ།


2015-08-25
Share
བལ་ཡུལ་གྱི་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་སྐབས་ཉེན་རྟོག་པ་རྐྱེན་འདས། ༢༠༡༥།༨།༢༤ བལ་ཡུལ་གྱི་ངོ་རྒོལ་བ་དང་ཉེན་རྟོག་པའི་བར་གདོང་ཐུག་སྐབས་ཉེན་རྟོག་པ་རྐྱེན་འདས། ༢༠༡༥།༨།༢༤
དྲ་བཤུས

བལ་ཡུལ་ནང་རྩ་ཁྲིམས་ལ་ངོ་རྒོལ་གདོང་ཐུག་ཁྲོད་བྱིས་བ་ཞིག་དང་ཉེན་རྟོག་པ་བདུན་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།
དེ་ཡང་བལ་ཡུལ་གྱི་རྩ་ཁྲིམས་གསར་པར་ངོ་རྒོལ་བྱེད་མཁན་དང་། བལ་པོའི་ཉེན་རྟོག་པ་ཕན་ཚུན་བར་དྲག་པོའི་གདོང་ཐུག་བྱུང་སྟེ་ལོ་གཅིག་དང་ཟླ་བ་དྲུག་ལ་སོན་པའི་བུ་ཞིག་དང་། ཉེན་རྟོག་པ་བདུན། ད་དུང་ངོ་རྒོལ་བ་ཁག་གཅིག་བཅས་རྐྱེན་འདས་སུ་ཕྱིན་པའི་དོན་རྐྱེན་བྱུང་ནས་ཉིན་གཅིག་ཕྱིན་པའི་རྗེས། དེ་རིང་ཚེས༢༥རེས་གཟའ་མིག་དམར་ཉིན་སླར་ཡང་ངོ་རྒོལ་བྱེད་མི་རྣམས་ཀྱིས་སྡོད་ཁྱིམ་མེར་བསྲེགས་བཏང་བ་དང་། ཉེན་རྟོག་པ་དང་དྲག་པོའི་གདོང་ཐུག་བྱས་པ་སོགས་ཀྱི་དོན་རྐྱེན་བྱུང་ཡོད་པ་རེད།
ངོ་རྒོལ་བྱེད་མཁན་མི་དམངས་བརྒྱ་གྲངས་འགའ་ཤས་ཀྱིས་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ནས་སྤྱི་ལེ་༤༢༠འི་མཚམས་སུ་ཡོད་པའི་Tikapurཟེར་བའི་གྲོང་ཚོའི་ནང་གི་ཐོག་རྩེགས་ཅན་གྱི་ཁང་པ་གཏོར་བཤིག་བཏང་ཡོད་པ་དང་། དེ་ནི་ངོ་རྒོལ་བྱེད་མཁན་ཚོས་ཉེན་རྟོག་པའི་ཐོག་ལ་གདུང་དང། སྟ་རེ། གྲི་སོགས་ལག་ཆ་འཁྱེར་ཏེ་རྒོལ་རྡུང་བཏང་བའི་རྗེས་བྱ་སྤྱོད་དེ་དག་ལ་གདོང་ལེན་བྱ་ཐབས་སུ་ཉེན་རྟོག་པས་དུས་ཚོིད་ངེས་མེད་ཀྱིས་མི་དམངས་འགྲོ་བསྐྱོད་བཀག་བསྡོམས་བྱས་ཡོད་པ་རེད།    
བལ་ཡུལ་གྱི་Tikapurགྲོང་ཚོའི་བཀོད་འདོམས་དཔོན་གཞོན་པ་Dhan Bahadur Kathayatཡིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ། དེ་རིང་རེས་གཟའ་མིག་དམར་ཉིན་ངོ་རྒོལ་བྱེད་མཁན་མི་ཁག་ཅིག་གིས། ཉེན་རྟོག་པས་མི་དམངས་རྣམས་འགྲོ་བསྐྱོད་བཀག་བསྡོམས་བྱས་པ་དེར་མི་འདོད་པ་བྱས་ཏེ་ཉེན་རྟོག་པ་དང་ཕན་ཚུན་དྲག་པོའི་གདོང་ཐུག་ཕྲན་བུ་བྱུང་བའི་སྐོར་གསུངས་ཡོད་ལ་། ད་དུང་ཁོང་གིས་ངོ་རྒོལ་བྱེད་མཁན་ནས་ཁང་པ་གཉིས་ཙམ་མེར་བསྲེག་བཏང་བའི་གནས་ཚུལ་བྱུང་ཡོད་ཀྱང་ཉེན་རྟོག་རུ་ཁག་གིས་མེ་བསད་ཐུབ་པ་བྱུང་བའི་སྐོར་ངོ་སྤྲོད་བྱས་ཡོད་པ་རེད།
བལ་པོའི་ཉེན་རྟོག་པས་བཤད་པ་གཞིགས་ན། ངོ་རྒོལ་བྱེད་མཁན་གྱིས་རེས་གཟའ་ཟླ་བའི་ཉིན་Tikapurགྲོང་ཚོའི་ནང་། ཉེན་རྟོག་པའི་ཐོག་ལ་དྲག་པོའི་རྒོལ་རྡུང་བཏང་བའི་ནང་ཉེན་རྟོག་པ་བདུན་རྐྱེན་ལམ་དུ་བཏང་བའི་ཁར། ངོ་རྒོལ་བྱེད་མཁན་ཚོས་Tikapurགྲོང་ཚོའི་ནང་དུ་ཡོད་པའི་བལ་ཡུལ་གྲོས་ཚོགས་ཀྱི་ལས་སྣེ་སྐུ་ཞབས་Netra Bahadur Saudཡི་སྡོད་ཁྱིམ་ལ་མེ་རྒྱབ་ནས་ཁོང་གི་བུ་ལོ་གཅིག་དང་ཟླ་བ་གཉིས་ལ་སླེབས་པ་ཤིག་རྐྱེན་འདས་སུ་བཏང་ཡོད་པའི་སྐོར་ངོ་སྤྲོད་བྱས་ཡོད་པ་རེད།   
རྩོད་པ་བརྒྱབ་བཞིན་པའི་ཆབ་སྲིད་ཚོགས་པ་ཁག་གིས་བལ་ཡུལ་དེ་བཞིན་ཞིང་ཆེན་དྲུག་ལ་ཁག་བགོས་བྱ་རྒྱུའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་པའི་ཐོག ཟླ་བ་འདིའི་ནང་མོས་མཐུན་བྱུང་རྗེས་ཞིང་ཆེན་བདུན་པ་ཞིག་གསར་འཇུགས་གནང་རྒྱུའི་བསྐྱར་བཅོས་ཀྱི་ཟིན་བྲིས་བཅའ་ཁྲིམས་གསར་བཟོ་གནང་ཡོད་པ་རེད། འཆར་འགོད་བྱས་པའི་ཞིང་ཆེན་ཁག་ནང་ཁུལ་གྱི་ས་མཚམས་ཐད་རྩོད་གཞིས་རྐྱེན་པས་བལ་ཡུལ་ནང་གི་གྲངས་ཉུང་སྤྱི་ཚོགས་ཀྱིས་རྣམ་པ་འདྲ་མིན་ཐོག་ངོ་རྒོལ་བྱེད་བཞིན་པ་རེད།
ཞིང་ཆེན་ཁག་དྲུག་ལ་ཆ་འགོས་གནང་བའི་བལ་ཡུལ་གྱི་ཟིན་བྲིས་བཅའ་ཁྲིམས་ནང་Madhesiདང་། Tharu ཧི་མ་ལ་ཡའི་རི་རྒྱུད་ནང་པ་བཅས་ཐེ་པའི་གྲངས་ཉུང་མི་རིགས་ཚོའི་ཆབ་སྲིད་ཀྱི་ཁེ་དབང་སྲུང་སྐྱོབ་གནང་མེད་པའི་སྐྱོན་བརྗོད་ཐོན་ནས་འདས་པའི་གཟའ་འཁོར་གཉིས་རིང་བལ་ཡུལ་གྱི་ཟིན་བྲིས་བཅའ་ཁྲིམས་གསར་པར་མི་མང་བརྒྱ་ཕྲག་མང་པོས་ངོ་རྒོལ་བྱས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན་དང་རིག་ལྡན་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།