བྱང་ཀོ་རི་ཡ་ཡིས་ལྷོ་ཀོ་རི་ཡ་དང་འབྲེལ་ལམ་བཟོ་འདོད་ཡོད་པ།

བྱང་ཀོ་རི་ཡས་གྲོས་མོལ་དང་མཉམ་འབྲེལ་གྱི་ལས་དོན་ཁག་འཆར་གཞི་ལྡན་པའི་ཐོག་ནས་འཕེལ་རྒྱས་གཏོང་དགོས་ཀྱི་རེད་ཅེས་བཀོད་འདུག

2011-01-01
Share

༄༅༎བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཤོག་ཆེ་ཁག་གསུམ་གྱི་ཐོུང་གིས་སྤེལ་བའི་ལོ་གསར་པའི་རྩོམ་སྒྲིག་པའི་ཆེད་གཏམ་གྱི་ནང་ལྷོ་བྱང་ཀོ་རི་ཡ་གཉིས་དབར་གྱི་འཁོན་འཁྲུག་གི་གནས་སྟངས་དེ་གང་མགྱོགས་ཞི་ཐབས་བྱེད་དགོས་ཀྱི་རེད་ཅེས་དང་གྲོས་མོལ་དང་མཉམ་འབྲེལ་གྱི་ལས་དོན་ཁག་འཆར་གཞི་ལྡན་པའི་ཐོག་ནས་འཕེལ་རྒྱས་གཏོང་དགོས་ཀྱི་རེད་ཅེས་བཀོད་འདུག

བྱང་ཀོ་རི་ཡས་ཕྱི་ཟླ་བཅུ་གཅིག་པའི་ནང་ལྷོ་ཀོ་རི་ཡའི་མཚོ་གླིང་ས་གནས་ཤིག་ཏུ་མེ་སྒྱོག་གིས་དྲག་རྒོལ་བྱས་ཏེ་ཁྱོན་བསྡོམས་མི་བཞི་རྐྱེན་ལམ་དུ་བཏང་ཞིང་འདི་ནི་ཕྱི་ལོ་༡༩༥༣ལོར་ལྷོ་བྱང་ཀོ་རི་ཡའི་དམག་འཐབ་ཆོད་རྗེས་ཀོ་རི་ཡ་བྱང་མས་ལྷོ་ཀོ་རི་ཡའི་ཞི་བའི་མི་སེར་ཐོག་དྲག་རྒོལ་བྱས་པ་ཐོག་མ་དེ་ཡིན་པ་དང་ དོན་རྐྱེན་དེའི་རྐྱེན་གྱིས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཧ་ཅང་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད།

འཛམ་གླིང་ཡུལ་གྲུ་མང་པོའི་དབུ་འཁྲིད་ཚོས་བྱང་ཀོ་རི་ཡའི་བྱ་སྤྱོད་དེར་སྐྱོན་བརྗོད་ཆེན་པོ་བྱས་པ་དང་ དབུ་འཁྲིད་དེ་དག་གིས་ཀོ་རི་ཡ་བྱང་མའི་མཐུན་གྲོགས་ཡུལ་གྲུ་ཨང་དང་པོ་རྒྱ་ནག་གི་ངོས་ནས་བྱང་ཀོ་རི་ཡའི་ཚོད་མ་ཐིག་གི་བྱ་སྤྱོད་འགོག་ཐབས་བྱེད་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་ཡང་རྒྱ་ནག་གིས་དེ་ལྟར་བྱེད་འདོད་མེད་པའི་རྣམ་འགྱུར་གསལ་པོ་བཏོན་ཡོད་པ་རེད།

བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡའི་ཐོག་དྲག་རྒོལ་བྱས་རྗེས་ཀྱི་དུས་ཚོད་ཐུང་ངུ་ཞིག་གི་ནང་ལྷོ་ཀོ་རི་ཡ་དང་འབྲེལ་ལམ་བཟང་དུ་གཏོང་འདོད་ཡོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་བཞིན་པ་དེ་ནི་ད་ལྟའི་བྱང་ཀོ་རི་ཡའི་འགོ་འཁྲིད་ཀིམ་ཇོང་ཨིལ་གྱི་བུ་ཆུང་ཤོས་ཀིམ་ཇོང་ཨུན་ཀོ་རི་ཡ་བྱང་མའི་འགོ་འཁྲིད་དུ་བསྐོ་བཞག་འབྱུང་རྒྱུར་འགོག་རྐྱེན་མི་ཡོང་ཆེད་ཀོ་རི་ཡའི་ཕྱེད་གླིང་དེའི་ནང་བརྟན་ལྷིངས་འབྱུང་ཐབས་བྱེད་པའི་ལས་དོན་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་སྲིད་པ་ལྷོ་ཀོ་རི་ཡའི་རྒྱལ་ས་སོའུལ་དུ་ཡོད་པའི་བྱང་ཀོ་རི་ཡའི་གནད་དོན་ཐད་ཀྱི་མཐོ་སློབ་ཁང་དེའི་སློབ་དཔོན་ ཡང་མཱུ་ཇིན་གྱིས་གསུངས་འདུག

ཡང་བྱང་ཀོ་རི་ཡའི་གཞུང་འབྲེལ་གྱི་གསར་ཤོག་ཆེ་ཁག་གི་རྩོམ་སྒྲིག་པའི་ཆེད་གཏམ་གྱི་ནང་བྱང་ཀོ་རི་ཡའི་ངོས་ནས་རྡུལ་ཕྲན་མཚོན་ཆའི་ལས་གཞི་ཡོངས་རྫོགས་མཚམས་འཇོག་བྱེད་འདོད་ཡོད་ལུགས་ཀྱང་བརྗོད་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།