ཉག་ཆུ་ཁར་མེ་སྐྱོན་བྱུང་བའི་རྐྱེན་གྱིས་བེ་ཤའི་ཐོན་སྐྱེད་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད་འདུག

2024.04.09
ཉག་ཆུ་ཁར་མེ་སྐྱོན་བྱུང་བའི་རྐྱེན་གྱིས་བེ་ཤའི་ཐོན་སྐྱེད་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད་འདུག ཉག་ཆུ་རྫོང་དུ་མེ་སྐྱེན་ཤོར་བའི་སྐབས། ༢༠༢༤།༠༣།༡༧ ཉིན།
བོད་འབྱོར། མི་སེར་གསར་འགོད་པ།

བོད་ཀྱི་ཁམས་ཉག་ཆུ་ཁར་ཟླ་༣ཚེས་༡༥ཉིན་མེ་སྐྱོན་གྱི་གནོད་འཚེ་ཚབས་ཆེན་བྱུང་པའི་ཁྲོད་ས་གནས་ཀྱི་རྩ་ཆེའི་སྐྱེ་དངོས་བེ་ཤའི་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་སྲིད་པའི་སྐོར་གླེང་བཞིན་འདུག་ལ། ས་གནས་མང་ཚོགས་ཀྱི་འཚོ་རྟེན་ལ་ཤུགས་རྐྱེན་ཐེབས་རྒྱུར་སེམས་འཚབ་བྱེད་བཞིན་ཡོད་འདུག
མེ་སྐྱོན་གྱིས་དོ་ཕོག་བྱུང་ཡུལ་དུ་བེ་ཤ་སྐྱེས་པར་ལོ་༢༠ནས་༣༠འགོར་རྒྱུ།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ས་གནས་ཁག་ཅིག་ལ་བེ་ཤའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་དང་། དམིགས་བསལ་ཁམས་ཉག་ཆུ་ཁར་བེ་ཤའི་ཐོན་ཁུངས་ཡག་པོ་ཡོད་པ་ནི་ས་གནས་ཀྱི་མང་ཚོགས་ཚོའི་འཚོ་བའི་ཡོང་འབབ་གལ་ཆེ་ཤོས་ཤིག་ཀྱང་ཆགས་ཡོད། ཟླ་༣ཚེས་༡༥ཉིན་ཁམས་ཉག་ཆུ་ཁའི་ནགས་ཚལ་ལ་མེ་སྐྱོན་བྱུང་པའི་རྐྱེན་གྱིས་གནས་སྟངས་མི་འདྲ་བའི་གནོད་འཚེ་བཟོས་ཡོད་ཅིང་། དེའི་ནང་ནས་བེ་ཤའི་སྐྱེ་འཕེལ་ལ་གནོད་འཚེ་བྱུང་ཡོད་འདུག ཤེས་རྟོགས་བྱུང་བར། ད་རེས་མེ་སྐྱོན་བྱུང་ཡུལ་ཁུལ་དུ་མ་འོངས་ལོ་༢༠ནས་༣༠ཡི་བར་བེ་ཤ་སྐྱེ་མི་ཐུབ་པ་དང་། བེ་ཤའི་སྐྱེ་འཕེལ་གྱི་གནས་སྟངས་བྱས་ན། གནམ་གཤིས་དང་ཁོར་ཡུག་གི་མཐུན་རྐྱེན་ཡག་པོ་ཡོད་དགོས་པ་དང་། འབག་བཙོག་མེད་པ། མི་འགྲོ་སྐྱོད་ཉུང་བའི་ས་བབ་མཐོ་བའི་རི་སྟེང་ནགས་ཚལ་ནང་སྐྱེ་འཕེལ་ཡོང་གི་ཡོད་པ་དང་། འདི་ལོ་མེ་སྐྱོན་བྱུང་པའི་དཔྱིད་ཀའི་དུས་སྐབས་འདི་ནི་བེ་ཤའི་སྐྱེ་འཕེལ་གྱི་དུས་ཚོད་ཆགས་ཀྱི་ཡོད་ཅིང་། ལོ་ལྟར་ཟླ་བ་བདུན་པ་ནས་དགུ་པའི་བར་རི་ལ་བེ་ཤ་འཐུ་བའི་དུས་ཚོད་བཟང་ཤོས་འཁེལ་གྱི་ཡོད་འདུག བེ་ཤ་སྐྱེས་པའི་རྗེས་ཉིན་གསུམ་ནས་ལྔའི་ནང་ཚུད་ལ་འཐུ་ཐུབ་པ་བྱུང་ན་སོས་པ་འཚོ་བཅུད་བཟང་བ་ཡོད། ད་ལྟའི་ཆར། བེ་ཤའི་སྐྱེ་འཕེལ་ཐོག་རང་བྱུང་ཐོན་ཁུངས་ཤིག་ལས་ཚན་རིག་ལག་རྩལ་ཐོག་ནས་གྲོད་ཁང་ནང་འདེབས་འཛུགས་ཐུབ་ཀྱི་མེད་པ་རེད།
རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ནང་སྤེལ་བའི་གནས་ཚུལ་ནང་། ཟླ་བ་གཉིས་གསུམ་རིང་བེ་ཤ་འཐུ་བར་བསྐྱོད་ནས་ཁྱིམ་ཚང་གཅིག་ལ་རྒྱ་ནག་གི་མི་དམངས་ཤོག་སྒོར་ཁྲི་བརྒྱད་དགུ་ཙམ་གྱི་ཡོང་འབབ་བྱུང་གི་ཡོད་པ་དང་། ཐོན་ཁུངས་ཡག་པོ་ཡོད་ན་ཁྲི་བཅུ་ཙམ་གྱི་ཡོང་འབབ་ལེན་རྒྱུ་ཡོད་པ་བརྗོད་འདུག་ལ། ཡང་ས་གནས་ཀྱི་བོད་མི་ཞིག་གིས་བརྗོད་པར། ཞིང་ཁ་འདེབས་ལས་དང་ཕྱི་ཕྱོགས་སུ་ལས་ཀ་ཙག་ཙིག་འཚོལ་བར་ཕྱིན་པ་ལས་བེ་ཤ་འཐུ་བའི་ལས་ཀ་འདི་གུ་ཡངས་ཤོས་དང་། ཟླ་བ་གཉིས་གསུམ་རིང་གི་ཡོང་འབབ་ནི་སྒོར་ཁྲི་གསུམ་བརྒལ་བ་ཡོང་གི་ཡོད་འདུག

ab5bd9e5-4d80-4c7b-91d3-016256c36665.jpg
བེ་ཤ། -པར། ཁམས་པའི་དྲ་བ།

བེ་ཤ་ཚོང་སྒྱུར་བྱེད་སྟངས་དང་ཡོང་འབབ།
བེ་ཤ་ཚོང་འགྲེམས་བྱེད་སྟངས་མི་འདྲ་བ་འགའ་ཡོད་པའི་ནང་ནས་མི་སྣ་གཅིག་གིས་བརྗོད་པར་གཞིགས་ན། ལམ་གཡས་གཡོན་ལ་སྡེབ་ཚོང་རྒྱག་མཁན་སྒུག་ནས་སྤུས་ཚད་གཞི་བཟུང་རྒྱ་མ་གཅིག་ལ་རྒྱ་མིའི་སྒོར་༤༠༠ནས་༥༠༠བར་ཐོབ་ཀྱི་ཡོད་པ་དང་། ཉིན་གཅིག་ལ་ཡོང་བབ་སྒོར་ཉིས་སྟོང་བརྒལ་བ་ཡོང་གི་ཡོད་འདུག རྩོམ་པ་པོ་འོད་ཟེར་ལགས་ཀྱིས་རྩོམ་ཡིག་ནང་བེ་ཤའི་སྐོར་གླེང་ཡོད་ཅིང་། ༡༩༨༥ལོར་ཉག་ཆུ་ཁའི་གཞུང་འབྲེལ་གྱི་ཚད་གཞི་ནི་བེ་ཤ་རྒྱ་མ་གཅིག་ལ་སྒོར་ཟུར་ལྔ་ནས་སྒོར་མོ་ལྔ་བར་སྤར་ཡོད་པ་དང་། ༡༩༨༦ལོར་ཉག་ཆུ་ཁ་དང་དར་རྩེ་མདོ། ལི་ཐང་སོགས་ཚུད་པའི་རྫོང་ཁག་བཅུ་ཡིས་བེ་ཤའི་ཐོན་སྐྱེད་མཉམ་ལས་བྱེད་པའི་ཚོགས་འདུ་འཚོགས་ཡོད་ཅིང་། ཚོགས་འདུའི་ཐོག་ཉི་འོང་དང་ཧོང་ཀོང་གི་ཚོང་པ་ཡང་མཉམ་ཞུགས་བྱས་ཡོད་པ་བཀོད་འདུག
ཁོང་གིས་བརྗོད་པར། རྒྱ་ནག་ནི་འཛམ་གླིང་ཐོག་བེ་ཤའི་ཐོན་སྐྱེད་མང་ཤོས་དང་ཕྱིར་ཚོང་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་འདི་ཡིན་པ་དང་། བེ་ཤའི་ཐོན་ཁུངས་ཀྱི་ས་གནས་ཁག་ནི་བོད་ཀྱི་ས་ཁུལ་ཁག་ཡིན་ཞིང་། ད་ལྟ་རྒྱ་ནག་གཞུང་གིས་ཟི་ཁྲོན་གྱི་ཁོངས་སུ་བཅུག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བ་དང་། དམིགས་བསལ་ཉག་ཆུ་ཁར་བེ་ཤའི་ཕ་ཡུལ་ཞེས་མིང་བཏགས་ནས་དེའི་ཁོངས་ཀྱི་རྫོང་ཁག་༡༢ལ་ཐོན་ཁུངས་ཡོད་པ་དང་། ཉག་ཆུ་ཁ་རང་ནས་ལོ་ལྟར་བེ་ཤའི་ལྗིད་ཚད་ཏུན་༡༠༠༠ཡན་ཐོན་སྐྱེད་ཡོད་པ་དང་། རྫོང་ཁག་༡༢ཀྱི་ཐོན་སྐྱེད་ཀྱི་བརྒྱ་ཆ་༢༠ཟིན་གྱི་ཡོད་འདུག དེ་མིན་ཡང་༢༠༢༣ལོར་ས་གནས་ཀྱི་བེ་ཤའི་ཚོང་གཉེར་ལྟེ་གནས་ཀྱིས་བསྒྱུར་བཅོས་བྱས་ཏེ་ཏུན་༡༦༠༠ཚོང་འགྲེམས་བྱེད་ཐུབ་ཡོད་པ་དང་། སྒོར་དུང་ཕྱུར་བཞི་ཡན་བྱུང་ཡོད་པ་ཡང་གླེང་འདུག
ད་རེས་མེ་སྐྱོན་གྱི་དབང་གིས་མ་འོངས་པར་བེ་ཤའི་རིན་ཐང་མཐོ་རུ་འགྲོ་སྲིད་པ་དང་། ས་གནས་བོད་མིའི་འཚོ་བའི་ཡོང་འབབ་ལའང་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་བརྗོད་མཁན་འདུག་ཅིང་། མེ་སྐྱོན་གྱི་གནོད་འཚེ་ཕོག་ཡུལ་ཁུལ་གྱི་མང་ཚོགས་ཞིང་ལས་འདེབས་འཛུགས་བྱ་རྒྱུ་དང་།་ཕྱི་ལ་ལས་ཀ་ཙག་ཙིག་འཚོལ་བར་འགྲོ་རྒྱུ་ཆགས་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད་འདུག འོན་ཀྱང་ཉག་ཆུ་ཁ་ཁུལ་གྱི་ད་རེས་ཀྱི་མེ་སྐྱོན་ཁྲོད་ནས་བེ་ཤའི་ཐོན་ཁུངས་གཙོ་བོར་གྱུར་པའི་ས་ཆར་མེ་སྐྱོན་གྱི་གནོད་འཚེ་དེ་ཙམ་བྱུང་མེད་པ་བརྗོད་མཁན་བྱུང་ལ། ཤེས་རྟོགས་བྱུང་བར་གཞིགས་ན། ཉག་ཆུ་ཁའི་བེ་ཤའི་ཐོན་ཁུངས་མུ་མཐུད་དུ་གནས་རྒྱུ་དང་མེ་སྐྱོན་བྱུང་ཁུལ་གྱི་ཐོན་སྐྱེད་ལ་གནོད་འཚེ་ཕོག་པ་འདི་ཁྱོན་ཡོངས་ཀྱི་ཐོན་ཁུངས་ཀྱི་དྲུག་ཆ་གཅིག་ལས་ཟིན་གྱི་མེད་པས། བེ་ཤའི་ཐོན་སྐྱེད་ལ་དེ་ཙམ་ཤུགས་རྐྱེན་མེད་སྐོར་བརྗོད་མཁན་ཡང་ཡོད་འདུག
དེ་མིན་བོད་ཀྱི་ས་ཁུལ་ནང་བེ་ཤའི་ཐོན་ཁུངས་མང་ཤོས་ཤིག་ནི་ཡུན་ནན་ཞིང་ཆེན་ཟེར་བའི་ཁོངས་སུ་བཅུག་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟེར་བར་ཆགས་ཀྱི་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་དབྱེ་བའི་ཁོངས་སུ་ཡོད་པའི་ཀོང་པོ་ཁུལ་འདི་ཡང་བེ་ཤའི་ཐོན་ཁུངས་ཤུགས་ཆེ་ཡོད་ས་ཤིག་ཡིན་པར་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱེད་བཞིན་འདུག བོད་ཀྱི་བེ་ཤའི་ཕྱི་ཚོང་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་དེ་ཉི་ཧོང་ཡིན་པ་དང་། གཞན་ཡང་ལྷོ་ཀོ་རི་ཡ་དང་ཧོང་ཀོང་སོགས་ཡིན་པ་རེད། བོད་ཁུལ་དུ་ས་གནས་བོད་པའི་ལག་པ་ནས་བེ་ཤ་ཉོ་མཁན་མང་ཆེ་བ་རྒྱ་མིའི་ཚོང་པ་ཆགས་ཀྱི་ཡོད་འདུག བོད་ཁུལ་གྱི་རྒྱ་ནག་གཞུང་གི་ལས་བྱེད་མཐོ་གྲས་ཚོས་རྒྱ་ནག་དབུས་གཞུང་ལ་ལས་དོན་འགྲུབ་པ་ཁག་སྙན་གསེང་བྱེད་པར་སྐྱོད་པའི་སྐབས་བོད་ཀྱི་རྩ་ཆེའི་རང་བྱུང་ཐོན་ཁུངས་དབྱར་རྩྭ་དགུན་འབུ་དང་བེ་ཤ་སོགས་ནི་ཆེས་མཐོའི་དཔོན་རིགས་ལ་སྤྲོད་པའི་ལག་རྟགས་ཡག་ཤོས་ཀྱི་གྲས་ཤིག་ཀྱང་ཆགས་ཀྱི་ཡོད་པ་བརྗོད་བྱུང་།
ད་རེས་ཟླ་༤ཚེས་༢ཉིན་ཟི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་གིས་འབྲེལ་ཡོད་ཉག་ཆུ་ཁའི་མེ་སྐྱོན་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་ཡོད་པའི་གསར་འགྱུར་ནང་། མེ་སྐྱོན་བྱུང་པའི་སྐབས་སུ་གཞུང་གིས་མྱུར་སྐྱོབ་ལས་དོན་ཇི་ལྟར་སྤེལ་ཡོད་པ་རྒྱས་བཤད་བྱས་པ་ལས་མང་ཚོགས་ཀྱི་འཚོ་བའི་རྟེན་སར་དཀའ་ངལ་འཕྲད་ཉེན་ཇི་ཡོད་སོགས་ཀྱི་སྐོར་ལ་ཁ་གསལ་གླེང་པའི་གནས་ཚུལ་མཐོང་རྒྱུ་མི་འདུག
བེ་ཤ་བརྐོ་སྟངས།
ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་གནས་བཞུགས་ཕ་ཡུལ་ཉག་ཆུ་རྫོང་ནས་ཡིན་པའི་ཚེ་རིང་དཔལ་ལྡན་ལགས་སུ། ཕྱི་ཚེས་༤ཉིན་བཅའ་འདྲི་ཞུས་པའི་སྐབས་སུ་ཁོང་གིས་སོ་སོ་རང་ཉིད་ལ་བེ་ཤ་འཐུ་བའི་ཉམས་མྱོང་ཡོད་པ་གསུངས་ཤིང་། དེ་ཡང་རི་ལ་མེ་སྐྱོན་བྱུང་ནས་ཉག་ཆུ་རྫོང་ཁོངས་ཀྱི་ས་གནས་ཁག་ཅིག་སྟེ། ཨུ་རུ་ཤེས་དང་འབེས་ཤིས། ཉེས་བསང་ཅུང་། ག་ར་གཤིས་སོགས་ལ་མེ་སྐྱོན་བྱུང་བའི་རྐྱེན་གྱིས་མི་དམངས་ཀྱི་འཚོ་བའི་རྟེན་གཞི་བེ་ཤ་ཐོན་ཁུངས་རྩ་མེད་དུ་འགྲོ་ཡོད་པ་དང་། མེ་སྐྱོན་ཆེན་པོ་བྱུང་བར་བརྟེན་ནས་རི་ཡོངས་རྗོགས་གཙང་མ་བཟོས་ཚར་འདུག་ཅེས་ཁོང་ལ་བོད་ནང་གི་བོད་མི་ཞིག་གིས་བརྗོད་འདུག
ཚེ་རིང་དཔལ་ལྡན་ལགས་ཀྱིས་སྤྱིར་སྟངས་ས་གནས་དེ་དག་ལ་མི་དམངས་ཀྱིས་བེ་ཤ་ལ་འཚོ་བརྟེན་བྱས་ཡོད་པ་དང་། ཁོང་གིས་ཚོད་དཔག་བྱས་ན་བོད་པའི་ཁྱིམ་ཚང་༥༠༠ནས་༦༠༠ བར་གྱི་འཚོ་བའི་རྟེན་གཞི་ལ་དོ་ཕོག་ཐེབས་ཡོད་པ་བརྗོད་བྱུང་། དེ་སྔོན་བེ་ཤ་ཡོད་སར་མེ་འབར་མྱོང་ཡོད་ཀྱང་ད་རེས་ལྟར་བྱུང་མྱོང་མེད་པ་རེད་འདུག བེ་ཤ་དེ་རི་འགོ་ལ་རང་བཞིན་གྱིས་སྐྱེས་པ་ལས་མིས་འདེབས་ལས་ཐོག་ནས་བཟོ་ཐུབ་ཀྱི་མེད་པ་རེད།
ད་དུང་ཁོང་གིས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཧྲང་ཧེ་སོགས་ནས་དྲྭ་རྒྱ་དང་སྤྱི་ཚོགས་བརྒྱུད་ལམ་ཐོག་བེ་ཤ་མངགས་ཉོ་མཁན་ལ་སྦྲགས་ཐོག་ནས་སོས་པ་གཏོང་གི་ཡོད་ཅིང་། སློབ་ཕྲུག་ཚོ་དབྱར་ཀའི་གུང་གསེང་སྐབས་སུ་བེ་ཤ་བརྐོ་བ་དང་ཚོང་པ་ཚོས་བེ་ཤ་ཕོན་ཆེ་རྒྱ་ནག་ཏུ་འཁུར་ནས་རྒྱ་སྒོར་ཁྲི་ལས་བརྒལ་བ་ཁེ་བཟང་གི་ཚོང་གཉེར་བྱེད་ཀྱི་ཡོད་པ་གསུངས་ཤིང་།
བེ་ཤ་དང་ད་དུང་ཤ་མོང་སྣ་མང་ཡོད་པའི་ས་གནས་དེ་དག་ལ་ལོ་རེའི་སྤྱི་ཟླ་༧པ་ནས་སྤྱི་ཟླ་༩ པའི་བར་གྱི་ནམ་དུས་ཡིན་པ་དང་། ཆར་པ་མང་པོ་བཏང་པའི་སྐབས་བེ་ཤ་དེ་སྐྱེས་གྱི་ཡོད་པ་རེད། ནང་མི་མང་པོ་ཡོད་མཁན་ང་ཚོའི་ཁྱིམ་མཚེས་སོགས་ལ་གྱོང་རྒུད་ཆེན་པོ་རེད་ཅེས་གསུངས་བྱུང་།
ད་ལོ་མེ་ཤོར་བར་བརྟེན་བེ་ཤ་འཐུ་རྒྱུ་རྩ་བ་ནས་མེད་པ་མ་ཟད། ལོ་མང་པོ་འགོར་སྲིད་ཀྱི་རེད། ད་ལྟ་བར་རྒྱ་ནག་གཞུང་གིས་འཚོ་བའི་ཐོག་ལ་གྱོང་གུན་ཕོག་པར་གུན་གསབ་སྤྲད་ཀྱི་ཡོད་མེད་གནས་ཚུལ་གསལ་ཁ་གང་ཡང་བརྗོད་མི་འདུག
ཚེ་རིང་དཔལ་ལྡན་ལགས་ཁོང་ཆུང་དུས་སྐབས་སུ་བེ་ཤ་བརྐོ་བ་འགྲོ་མྱོང་ཡོད་ཅིང་། ཁོང་ཕ་ཡུལ་ལ་གཉེན་འཕྲད་འགྲོ་སྐབས་ཡོང་སྒོ་ཏོག་ཙམ་བེ་ཤ་བརྐོ་ནས་བཟོ་ཐུབ་ཀྱི་འདུག་ཅེས་མྱོང་བ་ངོ་སྤྲོད་གནང་འདུག
ཚེ་རིང་དཔལ་ལྡན་ལགས་ཀྱིས། བེ་ཤ་བརྐོ་རྒྱུ་ལས་སླ་པོ་མ་རེད། རི་འགོ་འགྲམ་ལ་བསྡད་མཁན་ཚོས་ལམ་ཐག་ཅུང་ཐུང་ཉུང་ཡང་། མང་པོ་ཞིག་རི་སྒང་ལ་སླེབས་པར་ཞོགས་སྔ་པོ་ནས་ཁྱིམ་ནས་ཐོན་དགོས་པ་མ་ཟད། རི་འགོའི་ཤིང་ནགས་སྟེང་ཆར་ཤོད་འོག་སྒུག་ནང་གནས་སྡོད་བྱེད་དགོས་པར་བརྟེན། གྱོན་ཆས་རློན་པ་ཆགས་ནས་དཀའ་སྡུག་འདྲ་མིན་མྱོང་གི་ཡོད་པ་གསུངས་བྱུང་ལ། བེ་ཤ་གཅིག་ལ་བེ་ཤ་རོགས་པ་ཡོད་རེད་ཟེར་ནས་གཅིག་རྙེད་པ་ཡིན་ན་གཞན་མང་པོ་སྡེབ་གཅིག་ལ་འཚོལ་ཐུབ་ཀྱི་ཡོད་པ་དང་། ཡང་བེ་ཤ་འགའ་ཤས་རྐང་རེ་རེ་བྱས་ནས་འཚོལ་དགོས་ཀྱི་ཡོད་པ་གསུང་གི་འདུག
མེ་སྐྱོན་ཐོག་མར་འབྱུང་སྟངས།
ཚེ་རིང་དཔལ་ལྡན་ལགས་ཀྱིས་ཤེས་རྟོགས་བྱུང་པར། བཤད་ཚུལ་ལ་མེ་སྐྱོན་བྱུང་རྩ་ནི། རྒྱ་མིའི་ལམ་བཟོ་མོ་ཀྲ་རྡོ་སྔོག་མཁན་ཞིག་གིས་ལམ་བཟོ་སྐབས་སུ་ལམ་ཟུར་གྱི་གློག་གི་ཀ་བ་ལ་འཁེལ་ནས་གློག་སྐུད་མེ་སྟག་འབར་ནས་མེ་འབར་བ་ཡིན་ལུགས་བརྗོད་ཀྱི་ཡོད་འདུག


གསར་འགོད་པ། བསྟན་འཛིན་པདྨ། རྡོ་རྗེ་དགྲ་འདུལ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་སུ་བཀའ་ཤག་མེད་པ་དང་སྤྱི་འཐུས་ལྷན་ཚོགས་འཚོགས་མི་ཐུབ་པ། གཏོང་ལེན་ཁྲིམས་ཡིག་གཏན་འབེབས་མ་ཐུབ་པའི་གནས་སྟངས་བྱུང་ནའང་། ལོ་འཁོར་སྔོན་རྩིས་བཀའ་འཁྲོལ་སྤྲོད་ཆོག་པའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎