རྒྱ་གར་དབུས་གཞུང་ནས་པྰ་ལི་སྐད་དེ་གནའ་བོའི་སྐད་ཀྱི་ཁྲོད་ངོས་འཛིན་གནང་བར་ལ་དྭགས་ནས་ཐུགས་རྗེ་ཆེ་ཞུའི་ལས་རིམ་སྤེལ་འདུག

2024.11.28
རྒྱ་གར་དབུས་གཞུང་ནས་པྰ་ལི་སྐད་དེ་གནའ་བོའི་སྐད་ཀྱི་ཁྲོད་ངོས་འཛིན་གནང་བར་ལ་དྭགས་ནས་ཐུགས་རྗེ་ཆེ་ཞུའི་ལས་རིམ་སྤེལ་འདུག ལ་དྭགས་པཱ་ལི་དང་ནང་ཆོས་ཚོགས་འདུའི་སྐབས། ༢༠༢༤།༡༡།༢༧ ཉིན།
RFA/ Thinley Choedon

ཉེ་ལམ་ཟླ་བཅུ་པའི་ཚེས་ ༣ ཉིན་རྒྱ་གར་སྲིད་བློན་མོ་ངྷི་མཆོག་ནས་རྒྱ་གར་གྱི་གནའ་རབས་སྐད་ཡིག་གྲངས་༥རྒྱ་གར་གཞུང་གིས་གཞུང་འབྲེལ་ཐོག་ངོས་བཞེས་གནང་བ་ཡོངས་གྲགས་གནང་བའི་ནང་། སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་སྐབས་སངས་རྒྱས་ཉིད་ཀྱིས་ཆོས་གསུང་བར་བཀོལ་མྱོང་བར་གྲགས་པ། པཱ་ལིའི་སྐད་ཀྱང་གཞུང་འབྲེལ་ངོས་བཞེས་གནང་ཡོད་པ་དེར། ལ་དྭགས་གཙོ་གཞུང་མངའ་སྡེ་ཕྱོགས་ནས་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་རིམ་ཞིག་པཱ་ལི་དང་ནང་ཆོས་ཞེས་པའི་བརྗོད་གཞི་དང་འབྲེལ་ཏེ་འཚོགས་ཡོད་ཅིང་། ལ་དྭགས་ཀྱི་གླེ་རྒྱལ་སའི་ནང་ལ་དྭགས་དགོན་སྤྱི་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་བགྲོ་གླེང་དེ་ཉིན་གཅིག་ཧྲིལ་བོའི་རིང་གནང་ཡོད་འདུག

བགྲོ་གླེང་དེར་རྒན་ཐུབ་བསྟན་དཔལ་ལྡན་ལགས་ནས་དམིགས་བསལ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བར། པཱ་ལའི་སྐད་ཡིག་དགོས་གལ་ཇི་འདྲ་ཆགས་ཡོད་པ་སོགས་གསུང་བཤད་དང་ཆབས་ཅིག ཁྱད་པར་དུ་སངས་རྒྱས་ཞལ་བཞུགས་པའི་དུས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་པཱ་ལིའི་སྐད་ནང་ཆོས་གསུང་གི་ཡོད་ནའང་། ཡི་གེ་བྲི་སྲོལ་དར་མེད་པ་དང་། ཕྱིས་སུ་ཉན་ཐོས་སྡེ་བའི་ལུགས་འཛིན་མཁན་གྱི་ནང་པའི་རྒྱལ་ཁབ་སིངྒ་ལ་སོགས་ཀྱི་གསུང་རབ་རྣམས་པཱ་ལིའི་སྐད་ཡིག་ནང་ཡོད་པར་བརྟེན། ལ་དྭགས་པ་དང་བོད་པའི་སྤྱི་ཚོགས་སོགས་ཀྱིས་པཱ་ལིའི་སྐད་ཡིག་ནི་སངས་རྒྱས་ཞལ་བཞུགས་དུས་ནས་ཡོད་པའི་སྐད་ཡིག་རྙིང་ཁོངས་ཤིག་ཡིན་པ་དེར། རྩ་ཆེན་དུ་བརྩིས་ཏེ་མཐོང་ཆེན་གནང་རྒྱུ་གལ་ཆེན་ཡིན་པའང་གསུངས་གནང་གི་འདུག

བགྲོ་གླེང་དེ་དང་བསྟུན་རྒྱ་གར་གཞུང་གིས་པཱ་ལིའི་སྐད་ཡིག་ངོས་བཞེས་གནང་བར་རྒྱ་གར་སྲིད་བློན་མཆོག་ལ་ཐུགས་རྗེ་ཆེ་ཞུ་བའི་ཞུ་ཡིག་ཅིག་ཀྱང་ཕུལ་ཡོད་པས། རྒྱ་གར་གཞུང་འཛིན་BJPཆབ་སྲིད་ཚོགས་པའི་དྲུང་ཆེ་ཏ་རུན་ཅུག་དང་ཚོགས་མི་Dr Anirban gangulyགཉིས་ཀྱང་ཆེད་ཕེབས་གནང་འདུག་པར། བོད་ཡིག་དེ་བཞིན་རྒྱ་གར་གྱི་རྩ་ཁྲིམས་ལེའུ་༨པའི་ནང་ཚུད་ཐབས་ཀྱི་རེ་ཞུའི་དྲན་སྐུལ་ཞུ་ཡིག་ཅིག་དང་། ལ་དྭགས་དགོན་སྤྱི་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་༧༥འཁོར་བ་དང་འབྲེལ།ཕྱི་ལོ་༢༠༢༥ལོར་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་གི་འགྲེམས་སྟོན་ཁང་དུ།སངས་རྒྱས་ཐུགས་རྗེ་ཅན་གྱི་རིང་བསྲེལ་བཞུགས་ཡོད་པར། ལ་དྭགས་ཀྱི་དད་ལྡན་པ་རྣམས་བྱིན་རླབས་ཞུ་བར་བཅར་ཆོག་པའི་རེ་སྐུལ་ཞུ་ཡིག་དམིགས་བསལ་གསུམ་ཡང་ཡར་འབུལ་ལམ་གནང་ཡོད་པ་རེད།

གཞན་ཡང་ལ་དྭགས་དགོན་སྤྱི་ལྷན་ཚོགས་ནས་གོ་སྒྲིག་གིས་ཉིན་གཅིག་རིང་གནང་བའི་བགྲོ་གླེང་དེར། དགོན་སྤྱི་ལྷན་ཚོགས་ཀྱི་དབུ་སྐྱོང་རྒན་ཚེ་རིང་དབང་འདུས་ལགས་ནས་རྒྱ་གར་གཞུང་གིས་པཱ་ལིའི་སྐད་ཡིག་དེ་རྩ་ཆེན་དུ་ངོས་འཛིན་གནང་བར་ཐུགས་རྗེ་ཆེ་ཞུས་པའི་མུར། ལ་དྭགས་ནང་པཱ་ལིའི་སྐད་ཡིག་སྦྱང་མཁན་སྔར་ལས་མང་བ་འབྱུང་བཞིན་ཡོད་པ་གསལ་སྟོན་གནང་གི་འདུག

བགྲོ་གླེང་དེའི་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་ནས་ཀྱང་།ནང་པ་སངས་རྒྱས་པའི་རྗེས་འཇུག་ཚང་མས་པཱ་ལིའི་སྐད་ཡིག་དེ་བྱིན་རླབས་ཅན་ཞིག་ཏུ་ངོས་འཛིན་གནང་དགོས་པ་དང་། སྲིད་བློན་མོ་ཏི་མཆོག་ནས་ཐུགས་བསམ་རྒྱ་ཆེར་བཞེས་ཏེ་སྐད་ཡིག་འདི་ངོས་འཛིན་གནང་ཡོད་པས། ད་ནི་མཐོ་ས་རྒྱ་གར་གཞུང་འབྲེལ་ནས་འགན་ཁུར་གནང་བ་དེ་ཆུང་ས་ལ་དྭགས་ནང་དགོན་པ་སོ་སོས་ཐེག་པ་ཆེ་ཆུང་གི་དབྱེ་བ་ཕྱེས་པར་ཚང་མས་མཉམ་རུབ་དང་ཆིག་སྒྲིལ་གྱིས་པཱ་ལི་དང་བོད་ཡིག་སྲུང་སྐྱོབ་ཐོག་ཕྱག་ལས་གནང་དགོས་པར་གསུངས་ཀྱི་འདུག

རྒྱ་གར་དབུས་གཞུང་ནས་པཱ་ལིའི་སྐད་ཡིག་ནི་གནའ་བོའི་སྐད་ཀྱི་གྲས་སུ་ངོས་འཛིན་གནང་བར། རྒྱ་གར་དུ་ནང་པའི་ཆོས་ལུགས་སླར་གསོ་དང་གོང་འཕེལ་ཡོང་བར་གལ་ཆེན་ཆགས་ཡོད་སྐོར། ལ་དྭགས་སུ་གནས་སྡོད་བིཀ་ཁུ་ག་སི་ན་ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་བ་མ་ཟད། ཁོ་རང་ནང་པའི་ཆོས་ལས་ཉན་ཐོས་སྡེ་བའི་རིང་ལུགས་དད་པ་གནང་མཁན་ཞིག་ཡིན་སྟབས།རྒྱ་གར་གཞུང་གིས་པཱ་ལིའི་སྐད་ཡིག་ངོས་འཛིན་གནང་བ་དང་བསྟུན་མ་ཇ་བོ་དི་དང་མ་ཧ་བོ་དི་ཕྱོགས་ཀྱི་ལ་དྭགས་ས་གནས་སུ་པཱ་ལིའི་སློབ་སྦྱོང་གི་བསྟི་གནས་ཤིག་སྒོ་ཕྱེ་འཆར་ཡོད་པའང་འགྲེལ་བརྗོད་གནང་གི་འདུག

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོ་དང་། ལྦིཡེཏ་ནམ། ཀོ་རི་ཡ་སོཊ་ནས་དད་ལྡན་པ་ ༣༠༠ ཙམ་ལ་མཇལ་ཁ་སྩལ་གནང་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎