རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་པདྨ་མཚོ་ལགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག

2021.06.29
རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་པདྨ་མཚོ་ལགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག བོད་ནང་གི་རྩོམ་པ་པོ་པད་མ་མཚོའམ་འཆི་མེད་ལགས། ༼ཟླ་ཚེས་མི་གསལ
བོད་འབྱོར།/RFA

རྒྱ་ནག་གཞུང་གིས་བོད་ནང་གི་རྩོམ་པ་པོ་པད་མ་མཚོའམ་འཆི་མེད་ལགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་ཤེས་ཡོན་པ་དང་རྩོམ་པ་པོ། དགེ་རྒན་སོགས། སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཆེ་བའི་མི་སྣ་དག་འཛིན་བཟུང་དང་ལོ་མང་རིང་བཀག་སྐྱིལ་སོགས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། བོད་ཀྱི་སྐྱེས་མ་རྩོམ་པ་པོ་དང་མི་ལོ་མང་པོར་དགེ་རྒན་གྱི་ཕྱག་ལས་གནང་མྱོང་མཁན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་རེབ་གོང་ས་དཀྱིལ་སྡེ་བ་ནས་ཡིན་པ་བུད་མེད་རྩོམ་པ་པོ་གྲགས་ཅན་པདྨ་མཚོའམ་སྨྱུག་མིང་ལ་འཆི་མེད་ལགས་སུ་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་དམ་དྲག་བྱེད་བཞིན་ཡོད་པ་བོད་ནང་གི་འབྲེལ་ཡོད་ཅིག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གནས་ཚུལ་མཁོ་སྤྲོད་པས་གསུངས་ན། པདྨ་མཚོ་ལགས་སུ་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༠་ལོ་ཙམ་ནས་དམ་དྲག་བྱེད་འགོ་ཚུགས་ཡོད་པ་དང་། ཁོང་མོར་དམ་དྲག་བྱེད་དོན་གཙོ་བོ་ཕྱི་ཕྱོགས་ཀྱི་མི་སྣ་དང་འབྲེལ་བ་ཡོད་པ་དང་། ཆབ་སྲིད་སྐོར་གྱི་དཔེ་དེབ་དང་ཡིག་ཆ་སོགས་མང་པོ་ཞིག་ཡོད་པའི་དོགས་གཞིའི་འོག་དམ་དྲག་བྱས་པ་ཡིན་པ་དང་། ད་ལྟའི་ཆར་ལས་གནས་དང་སློབ་ཁྲིད་སོགས་གང་ཡང་བྱེད་བཅུག་གི་མེད་པ་མ་ཟད། ཉེ་སྔོན་ཁོང་གི་སློབ་མ་ཞིག་གིས་འབྲེལ་བ་བྱས་པར་བརྟེན་ཁོང་ལ་རེབ་གོང་ཉེན་རྟོག་པས་འདྲི་རྩད་དང་ཉེན་བརྡ་སོགས་བཏང་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལ། རྩོམ་པ་པོ་པདྨ་མཚོ་ལགས་སུ་དེ་སྔ་ནས་རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་ཡོད་པ་དང་། བོད་ནང་གི་བུད་མེད་ཁྲོད་ནས་རྩོམ་ཡིག་དང་བསམ་བློ་གང་གི་ཆ་ནས་པདྨ་མཚོ་ལགས་ལས་ལྷག་ཅིག་མེད་པ་རེད་ལ། དེ་སྔ་ཁོང་མོའི་ལྷུག་རྩོམ་དང་བོད་ཀྱི་བུད་མེད་སྐོར་གྱི་རྩོམ་ཡིག་གླེང་བ་ཞེས་པའི་རྩོམ་ཡིག་ནང་། གནད་དོན་ཁག་ཅིག་བཤད་ཡོད་སྐོར་བརྗོད་བྱུང་།

pema.jpg

 དེ་བཞིན་རྩོམ་པ་པོ་པདྨ་མཚོ་ལགས་ཀྱི་རྩོམ་ཡིག་གཞན་ཞིག་གི་ནང་། ང་རང་གསར་རྩོམ་དུ་ཞུགས་པ་ནས་ད་བར་དུ་ཀློག་མཁན་གྲོགས་པོ་དག་ལ་སྙན་དེབ་ཅིག་སྐྱེས་སུ་འབུལ་མ་ཐུབ་པ་ནི།ཡང་ཡང་གས་ཆག་ཤོར་པའི་ངའི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་ཅིང༌། འགྲོ་བ་སེམས་ཅན་སུ་ལ་མཚོན་ནའང༌། རང་དབང་འཕྲོགས་ཤིང་མོས་ཕྱོགས་བཅོམ་པ་ལས་ལྷག་པའི་སྡུག་བསྔལ་གཞན་ཞིག་ང་ཚོས་གང་དུ་འཚོལ་ལམ། ཞེས་པ། ངའི་སྙན་ངག་གི་སྨྱུག་ཁ་བཙན་གྱིས་བཅག་ནས་མི་ལོ་བཅུ་ལྷག་འགོར་པ་ནི་ངའི་རྩོམ་རིག་གི་གྱོང་གུད་ཅིག་སྟེ། མི་ཚེ་གཅིག་ལ་མི་ལོ་བཅུ་ཕྲག་ག་ཚོད་ཡོད་དམ། དེ་ནི་ངའི་རྩོམ་རིག་གི་བཤུལ་ལམ་གྱི་ཆེས་ཆེ་བའི་ཕམ་ཉེས་དང་སྐྱོ་གར་ཡིན་ཡིན་སྐོར་བརྗོད་འདུག

རྩོམ་པ་པོ་དང་དགེ་རྒན་པདྨ་མཚོ་ལགས་ནི་ལགས་ནི་ལོ་རབས་དྲུག་ཅུ་བའི་སྨད་ཙམ་ལ་རེབ་གོང་ས་དཀྱིལ་སྡེ་བར་སྐྱེས་ཤིང་། རང་ལོ་བདུན་ནས་ཕ་ཡུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་རིམ་པར་བརྒྱུད་རྗེས། ཕྱི་ལོ་༡༩༨༧་ལོར་མཚོ་སྔོན་མི་རིགས་སློབ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ནས་མཐར་ཕྱིན་ཏེ་ད་ལྟའི་བར་ངོ་ལོ་ ༣༠་ལྷག་རིང་རེབ་གོང་དུ་བོད་ཡིག་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད་པ་དང་། ཁོ་མོས་ད་བར་ལས་ཞོར་ཏུ་རྩོམ་ཡིག་མང་པོ་བྲིས་ཏེ་བོད་ཁུལ་གྱི་དུས་དེབ་སྣ་ཚོགས་སུ་བཀོད་ཡོད་མ་མ་ཟད། ཕྱི་ལོ་༡༩༩༧་ལོར་སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། ཕྱི་ལོ་༢༠༠༨་ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་འཆད་ཁྲིད་མུན་སེལ་སྒྲོན་མེ་ལེ་ཚན་ལས་བོད་རིགས་བུད་མེད་ཀྱི་ཐོབ་ཐང་གླེང་བ་ཞེས་པ་འཆད་ཁྲིད་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༢་ལོར་སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་བཅས་ཐོབ་ཡོད་པ་དང་། ཁོང་མོས་ཟླ་བའི་རྨི་ལམ་དང་ཆུའི་ལང་ཚོ་ཞེས་པའི་སྙན་རྩོམ་དེབ་གཉིས་དཔར་བསྐྲུན་བྱས་ཡོད་འདུག

ཕྱི་ལོ་༢༠༠༦་ལོར་ཨ་རིར་ཡོད་པའི་ལ་རྩེ་དཔེ་མཛོད་ཁང་གིས་རྒྱལ་སྤྱིའི་བོད་མོའི་རྩོམ་རིག་ཚོགས་འདུར་ཆེད་དུ་གདན་འདྲེན་ཞུས་ཀྱང་དངོས་སུ་ཚོགས་འདུར་བཅར་ཐུབ་མེད་པ་རེད་འདུག

ནོར་བཅོས། ༢༠༢༡/༧/༢༡

རྒྱ་ནག་གཞུང་གི་དམ་དྲག་འོག་ཡོད་པའི་བོད་ཀྱི་རྩོམ་པ་པོ་པདྨ་མཚོ་ལགས་དང་པེ་ཅིང་དུ་ཡོད་པའི་བོད་ཀྱི་བེུད་རྩོམ་པ་པོ་འོད་ཟེར་ལགས་འབྲེལ་བ་ཡོད་པ་བོད་ནས་པདྨ་མཚོ་ལགས་དང་ཐད་ཀར་འབྲེལ་བ་ཡོད་པ་ཁག་ཅིག་གིས་བརྗོད་བྱུང་ཡང་། གནས་ཚུལ་ཞིབ་བརྩད་སྐབས་པདྨ་མཚོ་དང་འོད་ཟེར་ལགས་དབར་ཐད་ཀར་འབྲེལ་བ་གང་ཡང་མེད་པ་ཤེས་རྟོགས་བྱུང་བས་དེ་དོན་་ནོར་བཅོས་ཞུ་བཞིན་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎