རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་འཛམ་གླིང་གི་ས་ཁུལ་མང་པོར་རྒྱ་ནག་གཞུང་ལ་ངོ་རྒོལ།


2020.10.01
རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་འཛམ་གླིང་གི་ས་ཁུལ་མང་པོར་རྒྱ་ནག་གཞུང་ལ་ངོ་རྒོལ། ཨ་རིའི་རྒྱལ་སར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྐབས། ༡༠།༡།༢༠༢༠
Passang/RFA

རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་འཛམ་གླིང་གི་ས་ཁུལ་མང་པོར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ཉིས་བརྒྱ་ཙམ་གྱིས་རྒྱ་ནག་གཞུང་ལ་རྣམ་པ་འདྲ་མིན་ཐོག་ངོ་རྒོལ་བྱས་འདུག
དེ་ཡང་སྤྱི་ཟླ་༡༠་བའི་ཚེས་༡་ཉིན། རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་འཛམ་གླིང་གི་ས་ཁུལ་མང་པོར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་མང་པོས་ཉིན་བརྒྱ་དུས་གཅིག་ལ་རྒྱ་ནག་གཞུང་ལ་རྣམ་པ་འདྲ་མིན་ཐོག་ངོ་རྒོལ་བྱས་ཡོད་པ་དང་།

རྒྱ་གར་རྡ་རམ་སཱ་ལར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྐབས། ༡༠།༡།༢༠༢༠
རྒྱ་གར་རྡ་རམ་སཱ་ལར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྐབས། ༡༠།༡།༢༠༢༠
Dhasa/RFA

དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་བོད་རིགས་དང་ཡུ་གུར་མི་རིགས། ཧོང་ཀོང་དམངས་གཙོའི་ལས་འགུལ་སྤེལ་མཁན་སོགས་ཀྱིས། སྤྱི་ཟླ་༩པའི་ཚེས་༣༠མཚན་མོར། དབྱིན་ཡུལ་གྱི་གྲོས་ཚོགས་ལྷན་ཁང་གི་མདུན་དང་། (Tower of London)་བཅས་ས་གནས་ཁག་སོ་སོར་མཚན་གུང་འདུ་འཛོམས་ཀྱིས། གྱང་ངོས་ལ་བརྙན་འཕྲིན་གྱི་ལམ་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ཐེར་འདོན་གནང་བ་དང་། རྒྱ་ནག་གཞུང་གི་དབང་བསྒྱུར་འོག་བོད་དང་ཤར་ཏུར་ཀིསུ་ཐན་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པའི་གནས་སྟངས་ཐེར་འདོན་དང་འབྲེལ་དབྱིན་ཡུལ་གཞུང་གིས་རྒྱ་ནག་ཐོག་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

དབྱིན་ཡུལ་གྱི་རྒྱལ་སར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྐབས། ༩།༣༠།༢༠༢༠
དབྱིན་ཡུལ་གྱི་རྒྱལ་སར་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྐབས། ༩།༣༠།༢༠༢༠
TCUK

བཙན་བྱོལ་བོད་མིའི་ལྟེ་གནས་རྒྱ་གར་རྡ་རམ་ས་ལའི་ཁུལ་དུ། བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ནས། རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཅིག་སྤེལ་བ་དང་འབྲེལ། ལོ་རྒྱུས་ཐོག་བོད་མི་ས་ཡ་གཅིག་ལྷག་རྒྱ་གཞུང་གིས་དམར་གསོད་བཏང་བ་དང་། ད་ལྟ་ཡང་བོད་མི་མང་པོ་རྒྱ་ནག་གཞུང་གི་བཙོན་ཁང་དུ་ཚུད་ཡོད་པ་སོགས་གསལ་སྟོན་གནང་ཡོད་པ་དང་། ཚོགས་པ་ལྔས་མཉམ་སྦྲེལ་བསྒྲགས་གཏམ་སྤེལ་བའི་ནང་། རྒྱ་གར་གཞུང་གིས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པར་ངོས་ལེན་གནང་དགོས་པ་དང་། སྤྱི་ལོ་༡༩༥༩ལོར་རྒྱ་དམར་གཞུང་གིས་བོད་ཁྲིམས་འགལ་ཐོག་བཙན་བཟུང་འོག་གནས་ཡོད་པ་ཁས་ལེན་གནང་དགོས་པ། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་གཅིག་གི་སྲིད་བྱུས་མཇུག་སྒྲིལ་གནང་དགོས་པའི་འབོད་སྐུལ་གནང་བ་དང་། རྒྱ་ནག་དམར་པོའི་གཞུང་བཙུགས་ནས་ལོ་༧༡ཟེར་བ་དེ་བོད་མི་རྣམས་ཀྱི་ངོས་ནས་བཤད་ན། ཉིན་མོ་དེ་ནི་བོད་འདི་གདུག་རྩུབ་ཆེན་པོས་བཙན་བཟུང་བྱས་པའི་དྲན་སྐུལ་ཅིག་ཡིན་ལ། ང་ཚོས་ངེས་པར་དུ་ཐུན་མོང་ཐོག་ལས་འགུལ་སྤེལ་ནས། རྒྱ་དམར་སྲིད་གཞུང་འགོ་བཙུགས་པའི་དྲན་གསོ་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གིས་རྒྱ་བསྐྱེད་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཅས་གཏོང་གི་ཡོད་པར་བརྟེན། ཕྱི་ལོ་༢༠༢༢ལོར་རྒྱ་ནག་ནང་དགུན་དུས་ཨོ་ལིམ་ཕིཀ་འཚོགས་རྒྱུ་ཕྱིར་འཐེན་གནང་དགོས་པའི་འབོད་སྐུལ་གནང་གི་འདུག
གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་ད་བར་སྡུག་སྦྱོང་བཏང་བ་ངོས་ལེན་དང་། མགྱོགས་མྱུར་བོད་ཀྱི་གནད་དོན་སེལ་ཐུབ་པ་དགོས་པའི་ནན་སྐུལ་གནང་གི་འདུག
ཐེངས་འདིའི་ལས་འགུལ་གོ་སྒྲིག་པ་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། དགུ་བཅུ་གསུམ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ལྔ་ནས། ཉི་མ་འདི་ནི་མུན་ནག་གི་ཉི་མ་ཞིག་ལ་ངོས་འཛིན་དང་། རྒྱ་ནག་གིས་བཙན་བཟུང་བྱས་བའི་བོད་ནི་འཛམ་གླིང་ཐོག་བཀག་རྒྱ་དང་གཉའ་གནོན་ཆེ་ཤོས་ཀྱི་ཡུལ་ལུང་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ས་ཡ་གཅིག་ལྷག་ཉེས་མེད་བཀག་སྐྱིལ་བྱས་ཡོད་པ། རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བས་ཧོང་ཀོང་གི་རང་དབང་འཕྲོག་ཡོད་པ། ལྷོ་སོག་པོའི་སྐད་ཡིག་རྩ་གཏོར་གཏོང་བཞིན་པ་དང་། རྒྱ་རིགས་ཁྲིམས་རྩོད་པ་དང་བུད་མེད་ཐོབ་ཐང་གི་ལས་འགུལ་བ་མང་པོ་བཀག་ཉར་འོག་བཞག་ཡོད་པ། ཐེ་ཝན་ལ་བཙན་ཤེད་འཇིགས་སྐུལ་བྱེད་བཞིན་པ་དང་། རྒྱ་གར་དང་ཨ་རི། ཡོ་རོབ་སོགས་ཀྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སོ་མྱུལ་བཙུགས་ཏེ། སྤྱི་ཚོགས་བདེ་འཇགས་ལ་གཏོར་བཤིག་གཏོང་གི་ཡོད་པས། ཐ་ཤལ་གྱི་བྱེད་བབ་དེ་ཚོར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།
ད་རེས་ཟླ་བཅུ་བའི་ཚེས་༡་རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་དང་བསྟུན། ད་བར་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་དང་། དྲག་གནོན། བྱ་ངན་ལ་གདོང་ལེན་དང་ངོ་རྒོལ་ཐེར་འདོན་ཆེད། ཨ་རིའི་རྒྱལ་ས་གཙོས་མངའ་སྡེ་ཁག་འདྲ་མིན་དང་། དབྱིན་ཡུལ། ཐེ་ཝན། ཧོང་ཀོང་། ཨོ་སི་ཁྲི་ལི་ཡ། ཉི་ཧོང་། ནི་དྷར་ལེནཊི། ཛུ་རིག ཧྥ་རན་སི་སོགས་རྒྱལ་ཁབ་ཁག་༣༦་ཙམ་གྱི་ནང་། བོད་རིགས་དང་ཡུ་གུར་བ། ལྷོ་སོག་པོ། ཤིན་ཅང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་མཉམ་རུབ་ཀྱི་རང་དབང་དང་དམངས་གཙོ་དོན་གཉེར་མཁན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ཉིས་བརྒྱ་ཙམ་གྱིས། ཉིན་བརྒྱ་དུས་གཅིག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཏེ། རྒྱལ་སྤྱིའི་གཞུང་ཁག་ནས་ནུས་པ་མཉམ་སྤུང་གིས་རྒྱ་ནག་ལ་གདོང་ལེན་དགོས་པ་དང་། རྒྱལ་ཁབ་སོ་སོའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པ། དེ་བཞིན་བོད་དང་ཤར་(Turkistan)་ནང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ཐད་རྒྱ་ནག་ལ་རོགས་འདེགས་བརྒྱུད་ཚོང་གི་ཁེ་ཕན་ལེན་མཁན་ཚོང་ལས་ཁང་ཁག་ལ་དཔལ་འབྱོར་དང་འབྲེལ་བའི་སྲིད་དོན་ཉེས་ཆད་འགེལ་དགོས་པ་སོགས་ཀྱི་དགོས་འདུན་ཁག་གཅིག་བཏོན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎