ཆིན་ཀང་གི་ཕྱི་སྲིད་བློན་ཆེན་གྱི་གོ་གནས་མེད་པ་བཟོས་ནས་དེའི་ཚབ་ཝང་ཡེས་བསྐོས་འདུག

2023.07.25
ཆིན་ཀང་གི་ཕྱི་སྲིད་བློན་ཆེན་གྱི་གོ་གནས་མེད་པ་བཟོས་ནས་དེའི་ཚབ་ཝང་ཡེས་བསྐོས་འདུག ཆིན་ཀང་དང་ཝང་ཡེས་གཉིས།
སྒྲིག་བཟོ། /RFA / REUTERS

རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཆིན་ཀང་(Qin Gang)་གི་གནས་ཚུལ་གསལ་བོ་མེད་པར་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་གཅིག་ལྷག་གི་རྗེས་སུ། འདི་ཚེས་༢༥ཉིན་རྒྱ་ནག་གཞུང་གིས་གནས་ཚུལ་ཕྱི་བསྒྲགས་བྱས་བའི་ནང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུ་ཚོགས་པ་བརྒྱུད་ཆིན་ཀང་གི་ཕྱི་སྲིད་བློན་ཆེན་གྱི་གོ་གནས་མེད་པ་བཟོས་བ་དང་། དེའི་ཚབ་ཕྱི་སྲིད་སྤྱི་ཡོངས་ཀྱི་འགན་ཁུར་མཁན་(Wang Yi)་ཡིས་ཕྱི་སྲིད་བློན་ཆེན་གཅིག་ལྕོགས་གནང་རྒྱུ་ཡིན་པ་བསྒྲགས་པ་ལས། རྒྱུ་མཚན་སོགས་གསལ་བོ་གང་ཡང་བཤད་མེད་པ་རེད།
དེའི་ཐད་བོད་རྒྱའི་གནད་དོན་ཉམས་ཞིབ་པ་ཀུན་དགའ་བཀྲིས་ལགས་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཆིན་ཀང་(Qin Gang)་གི་གནས་ཚུལ་གསལ་བོ་མེད་པར་ཡུན་རིང་འགོར་བའི་རྗེས། ད་ཆ་གཞི་ནས་རྒྱ་ནག་གཞུང་གིས་ཁ་གསལ་མེད་པའི་གནས་ཚུལ་ཞིག་ཕྱི་བསྒྲགས་བྱས་བ་དང་། དེའི་ནང་ཆིན་ཀང་གི་ཕྱི་སྲིད་བློན་ཆེན་གྱི་གོ་གནས་མེད་པར་བཟོས་ཚུལ་ལས་གནས་དབྱུང་བཏང་བའི་ཚིག་བེད་སྤྱོད་བཏང་མི་འདུག་ལ། ཆིན་ཀང་ལ་ཡོད་པའི་རྒྱལ་དོན་བློན་ཆེན་གྱི་གོ་གནས་བླངས་ཡོད་མེད་གསལ་བོ་མེད་པ་མ་ཟད། རྒྱུ་མཚན་སོགས་གང་ཡང་བཤད་མི་འདུག ཡིན་ན་ཡང་གནས་སྟངས་འདི་ལས་ཆིན་ཀང་ལ་གནས་ཚུལ་ཞིག་ལྷག་པ་གསལ་བོ་རེད་ལ། ཆིན་ཀང་ནི་ད་བར་དུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་ཡུན་ཐུང་ཤོས་དང་། གོ་གནས་དེར་སླེབས་པ་མགྱོགས་ཤོས་དེ་ཡིན་དུས། ཕྱི་ཕྱོགས་སུ་དེ་ནི་ཆིན་ཀང་ལ་སྐྱོན་ཆ་ཞིག་བྱུང་བ་དང་མཉམ་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནང་གི་དབང་ཆའི་འཐབ་རྩོད་ནང་ལྷུང་བ་ཡིན་པ་ཉམས་ཞིབ་པས་ཚོད་དཔག་བྱེད་བཞིན་པ་འགྲེལ་བརྗོད་གནང་བྱུང་།
ལོ་ན་༥༧ལ་སོན་པའི་ཆིན་ཀང་ལོ་སྔོན་མའི་ཟླ་༡༢པའི་ཚེས་༣༠ཉིན་རྒྱ་ནག་ཕྱི་འབྲེལ་བློན་ཆེན་དུ་བསྐོས། ད་ལོའི་ཟླ་༦པའི་ཚེས་༢༥ནས་གར་སོང་ཆ་མེད་དུ་གྱུར། ཟླ་༧པའི་ཚེས་༡༡ ཉིན་རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པིན་གྱིས་ཁོང་གི་གཟུགས་གཞིའི་བདེ་མིན་གྱི་དབང་གིས་ཆིན་ཀང་ཤར་ཨེ་ཤེ་ཡི་ཆེས་མཐོའི་ལྷན་ཚོགས་སུ་ཞུགས་མི་ཐུབ་པས། ཝང་ཡེ་ཡིས་ཚབ་བྱས་ནས་བཅར་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་བ་ལས་འཕྲོད་བསྟེན་བདེ་ཐང་གི་གནད་དོན་ཁ་གསལ་བཏོན་མེད་པ་རེད།
ད་བར་སྤྱི་ཚོགས་བརྒྱུད་ལམ་ཁག་མང་པོའི་ནང་ཆེན་ཀང་གི་སྐོར་གནས་ཚུལ་སྤེལ་བ་གཙོ་བོ་གཅིག་ནི། ཆིན་ཀང་བུད་མེད་ཅིག་ལ་ལུས་འབྲེལ་བྱུང་ནས་བྱིས་པ་ཞིག་སྐྱེས་པའི་སྐོར་ཡིན་ཞིང་། བུད་མེད་དེ་གནད་དོན་ཞིག་ལ་རྐྱེན་བྱས་ཏེ་འདྲི་རྩད་སྐབས་ཆིན་ཀང་དང་འབྲེལ་བ་ཡོད་པ་བཤད་པའི་གནས་ཚུལ་དང་མཉམ་དུ་རྒྱ་ནག་གི་ཧྥིན་ཧྭང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་བུད་མེད་ཧྥུ་ཞོ་ཐེན་(Fu Xiaotian)་གྱི་འདྲ་པར་དང་ལོ་རྒྱུས་སོགས་སྤེལ་ཡོད་པ་རེད།


གསར་འགོད་པ། དོན་གྲུབ་རྣམ་རྒྱལ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་བོད་དོན་ལས་འགུལ་བསྟི་གནས་ཁང་ལ་ཨ་རིའི་རྒྱལ་ཡོངས་མང་གཙོ་ཐེབས་རྩ་ཁང་གི་གཟེངས་རྟགས་ཕུལ་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎