རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་ཨ་རིས་སྙན་ཐོ་བཏོན་ནས་སྐྱོན་བརྗོད་བྱས།

འདི་ཚེས་༢ཉིན། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་༢༠༢༡ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་པ་ཡོད་པ་དང་། སྙན་ཐོ་འགྲེམས་སྤེལ་གྱི་གསར་འགོད་གསལ་བསྒྲགས་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་ཀྱིས་ཞིབ་འཇུག་སྙན་ཐོ་ལྟར་ན། འཛམ་གླིང་གི་རྒྱལ་ཁབ་ཁག་ཅིག་ནང་ཆོས་དད་རང་དབང་གི་གནས་སྟངས་ཐད་ཡར་རྒྱས་ཀྱི་རྣམ་པ་ཐོན་ཡོད་ན་ཡང་རྒྱ་ནག་གཞུང་གིས་ད་དུང་ཡང་མུ་མཐུད་དུ་བོད་མི་དང་། ཡུ་གུར་མི་རིགས་གཙོས་གྲངས་ཉུང་མི་རིགས་ཁག་གི་ཆོས་དད་ཀྱི་བྱེད་སྒོ་ཁག་ལ་ཐེ་ཇུས་དང་། ཆོས་དད་རང་དབང་ཐད་དམ་དྲག་སྟངས་འཛིན་ཤུགས་ཆེ་རུ་བཏང་ནས་ཡར་རྒྱས་ཀྱི་རྣམ་པ་མེད་པ་གསུངས་གནང་སོང་།
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་བཏོན་པའི་ཕྱི་ལོ་༢༠༢༡ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་དེའི་ནང། བོད་དང་རྒྱ་ནག་ཞེས་སྡེ་ཚན་གཉིས་ལ་དབྱེ་ནས་ཆོས་དད་རང་དབང་གི་གནས་སྟངས་ཐད་སྙན་ཐོ་བཏོན་འདུག་ལ། དེའི་ནང་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་མི་དམངས་ལ་ཆོས་དད་རང་དབང་ལོངས་སུ་སྤྱོད་དབང་ཡོད་ལུགས་འཁོད་ཡོད་ན་ཡང་དོན་དངོས་སུ་མི་དམངས་ལ་ཆོས་དད་རང་དབང་མེད་པ་དང་། ཆོས་དད་རང་དབང་སྤྲོད་ཀྱི་མེད་གསལ་འདོན་དང་། བོད་དང་འབྲེལ་བའི་ཐད། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཐེ་གཏོགས་བྱེད་པ་དང་། ལྷག་པར་དུ་བོད་བརྒྱུད་ནང་པའི་དགོན་སྡེ་ཁག་ལ་དམ་དྲག དེ་བཞིན་ཆོས་ཕྱོགས་དང་འབྲེལ་བའི་བྱེད་སྒོ་དང་འགྲོ་སྡོད་སྤྱོད་གསུམ་ལ་རང་དབང་མེད་པ་བཟོས་བ་མ་ཟད། དམ་དྲག་འོག་བོད་མི་གང་བྱུང་འཛིན་བཟུང་དང་། བཀག་ཉར་བཙོན་འཇུག གར་སོང་ཆ་མེད་དུ་གྱུར་པ། བཙོན་ཁང་ནང་མནར་གཅོད་འོག་ཚེ་སྲོག་ཤོར་བ། ཁྲིམས་མཐུན་གྱི་ཐག་གཅོད་བྱེད་ཀྱི་མེད་པ་བཅས་ཐེར་འདོན་གནང་འདུག
ད་དུང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Rashad Hussain)་ལགས་ཀྱིས། རྒྱ་ནག་གཞུང་གི་མུ་མཐུད་དུ་བོད་ནང་གི་བོད་མི་ཚོའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་དང་། ཐ་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཙམ་བདག་ཉར་བྱས་ན་འཛིན་བཟུང་བཙོན་འཇུག་བྱེད་བཞིན་སོགས་དམ་དྲག་བྱེད་བཞིན་པར་སྐྱོན་བརྗོད་གནང་ཡོད་པ་རེད།
ད་རེས་ཀྱི་སྙན་ཐོའི་ནང་བོད་དང་འབྲེལ་ད་དུང་རྒྱ་ནག་གཞུང་གིས་བཙན་ཁྲིད་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་སྐོར་དང་། བོད་མིས་རང་ལུས་མེར་སྲེག་གི་ཞི་རྒོལ་སྐོར། དེ་དག་དང་འབྲེལ་འཛིན་བཟུང་ཁྲིམས་ཐག་བཅད་པའི་གནད་དོན་སོགས་མང་པོ་བཀོད་འདུག
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ལོ་ལྟར་འཛམ་གླིང་གི་རྒྱལ་ཁབ་ཁག་༢༠༠ལྷག་ནང་གི་ཆོས་དད་རང་དབང་གནས་སྟངས་ཐད་ཞིབ་འཇུག་སྙན་ཐོ་འདོན་སྤེལ་གནང་གི་ཡོད་པ་རེད།
ཉེ་ལམ་སྤྱི་ཟླ་༥བའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་ཀྱིས་ཨ་མི་རི་ཀས་རྒྱ་ནག་གི་ཐོག་འཛིན་པའི་སྲིད་ཇུས་གསལ་བཤད་གནང་སྐབས། རྒྱ་ནག་གཞུང་གིས་བོད་དང་ཞིན་ཅང་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་དང་འགལ་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་གྱི་ཡོད་པ་གསུངས་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། ཀླུ་འབུམ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།