རྒྱལ་མཚམས་བརྒལ་ནས་འཇིགས་སྐུལ་དང་སུན་གཙེར་གྱི་བྱ་སྤྱོད་སྤེལ་བའི་ཐད་རྒྱ་ནག་གིས་ལན་འདེབས་བྱ་དགོས་པ་ཚོཊ་པ་ཁག་ ༡༨༡ གིས་དགོས་འདུན་བཏོན་འདུག

འཛམ་གླིང་གི་རྒྱལ་ཁབ་ཁག་ནང་ཡོད་པའི་རྒྱ་ནག་དམར་ཤོག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་གི་ཚོགས་སྡེ་ཁག་༡༨༡གིས་མཉམ་དུ་ཨ་རིའི་ཧར་ཝརཌི་(Harvard)་གཙུག་ལག་སློབ་ཆེན་གྱི་སློབ་སྤྱི་གྷར་སྦར་(Garber)་ལགས་ཀྱི་མཚན་ཐོག་ནས་སྤེལ་བའི་འབོད་སྐུལ་ཡི་གེ་དེ་བཞིན་ཕྱི་ཚེས་ ༢༡ ཉིན་སློབ་སྤྱིའི་གཞུང་ལས་ཁང་དུ་བསྐྱལ་ཡོད་པ་དང་། ཧར་ཝརཌི་སློབ་ཆེན་གྱི་སློབ་མ་དང་། རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་མཁན་སློབ་མའི་མཐུན་ཚོགས་ཀྱི་མཉམ་འབྲེལ་འགན་འཛིན་ཀོ་སེ་ཊི་ཝུ་ཡིས། ཁོང་ཧར་ཝརཌི་སློབ་གྲྭར་ཡོང་བའི་རྒྱུ་མཚན་གཙོ་བོ་ནི། འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་གྱི་སྐུལ་སློང་བྱེད་མཁན་ཡག་པོ་ཞིག་ཏུ་འགྱུར་བར་རེ་བཅངས་ཀྱིས་ཁོར་ཡུག་འདི་ནང་སློབ་སྦྱོང་བྱེད་རྒྱུའི་ཆེད་ཡོང་བ་ཞིག་ཡིན་པ་དང་། དེ་སྔ་རྒྱ་ནག་གཞུང་ཚབ་པས་གཏམ་བཤད་བྱས་སྐབས་ངོ་རྒོལ་བྱས་རྗེས་སློབ་གྲྭའི་ཁོར་ཡུག་ནང་ཁོང་ཉིད་ལ་ཧ་ཅང་བདེ་འཇགས་མེད་པའི་ཚོར་སྣང་ཞིག་བྱུང་ཡོད་ཅིང་། ཧར་ཝརཌི་སློབ་ཆེན་ངོས་ནས་གནད་དོན་དེའི་ཐད་ལན་འདེབས་བྱེད་ཀྱི་མེད་པ་དེས་གཙུག་ལག་སློབ་གཉེར་ཁང་དེ་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་མཁན་ཚོར་བདེ་འཇགས་ཡོད་པའི་ས་ཆ་ཞིག་མིན་པའི་བརྡ་ལན་གསལ་པོ་སྤྲོད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག
གོང་ཞུས་འབོད་སྐུལ་ཡིག་གེ་དེའི་ནང་གཙོ་བོ་ Select Committee on the CCP (SCC) ཞེས་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གིས་འདྲི་རྩད་གནང་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་དགོས་པ་དང་། གཞན་ཨ་རིའི་ཧར་ཝརཌི་ (Harvard) གཙུག་ལག་སློབ་ཆེན་གྱིས་གཙོས་སློབ་གྲྭ་ཆེན་མོ་ཁག་གི་ནང་རྒྱ་ནག་གིས་ཤུགས་རྐྱེན་སྤྲོད་བཞིན་པ་ངོས་འཛིན་གནང་བའི་ཐོག་སློབ་ཕྲུག་ཚོར་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་བྱ་རྒྱུའི་ཁས་ལེན་བྱེད་དགོས་པ། གཞན་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་རྒྱལ་སྤྱིའི་སློབ་མ་ཚོར་འཇིགས་སྐུལ་དང་སུན་གཙེར་བྱེད་བཞིན་པའི་བྱ་སྤྱོད་ཐད་གདོང་ལེན་བྱེད་རྒྱུའི་ཁས་ལེན་བྱེད་དགོས་བ་སོགས་དགོས་འདུན་དོན་ཚན་གསུམ་བཏོན་ཡོད་པ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་འཆི་མེད་ལྷ་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་ལ། ད་ལྟའི་ཆར་འབོད་སྐུལ་ཡིག་གེ་དེར་ལན་འདེབས་གང་ཡང་བྱུང་མེད་པར་བརྟེན། གལ་སྲིད་དགོས་འདུན་འབོད་སྐུལ་དེ་དག་ལ་ལན་འདེབས་གསལ་པོ་མ་བྱུང་བར་དུ་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་གསུངས་བྱུང་།
དེ་བཞིན་ཧར་ཝརཌི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་མ་དང་། བོད་རང་དབང་སློབ་ཕྲུག་ཚོགས་པའི་སྦོསི་ཊོན་ས་གནས་ཀྱི་འགན་འཛིན་ཚེ་རིང་དབྱངས་ཅན་ལགས་ཀྱིས་ལོ་ངོ་ ༦༥ སྔོན་ལ་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེས་བོད་མི་ས་ཡ་མང་པོར་སློབ་གཉེར་བྱེད་རྒྱུའི་གོ་སྐབས་མེད་པར་འགྱུར་ཡོད་པ་དང་། དེང་སང་རྒྱ་ནག་གིས་རྒྱལ་མཚམས་བརྒལ་ནས་རྒྱལ་ཁབ་གཞན་གྱི་གཙུག་ལག་སློབ་གྲྭ་ཁག་གི་ནང་དྲག་གནོན་དང་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་བཞིན་པ་དེ་ཚོར་ཚོད་འཛིན་མ་བྱེད་ན་མ་འོངས་ཡུལ་ལུང་འདི་དག་བོད་ཀྱི་གནས་སྟངས་ལྟ་བུར་འགྱུར་སྲིད་པའི་སྐོར་སེམས་འཚབ་ཡོད་པ་གསུངས་འདུག
ད་ལོ་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས། Select Committee on the CCP (SCC)་ཞེས་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གིས་ཨ་རིའི་ཧར་ཝརཌི་གཙུག་ལག་སློབ་གཉེར་ཁང་ལ་ཞིབ་བཤེར་བརྟག་དཔྱད་བྱེད་འགོ་བཙུགས་ཡོད་པ་དང་། ༢༠༢༤ཟླ་༤ ནང་རྒྱ་ནག་གི་གཞུང་ཚབ་པ་ཤེ་ཧྥིན་(Xie Feng)་གིས་ཨ་རིའི་ཧར་ཝརཌི་གཙུག་ལག་སློབ་ཆེན་གྱི་ནང་གཏམ་བཤད་བྱས་སྐབས། སློབ་ཕྲུག་ཚོས་ངོ་རྒོལ་བྱས་པའི་རྐྱེན་གྱིས་ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་ཚོར་རྒྱ་ནག་གིས་འཇིགས་སྐུལ་བྱས་པ་དང་། འདྲི་རྩད་དང་རྗེས་འདེད་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པའི་སྐོར་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་ཚོགས་པ་ཁག་གིས་ཧར་ཝརཌི་གཙུག་ལག་སློབ་ཆེན་གྱི་སློབ་སྤྱིའི་མཚན་ཐོག་ཏུ་སྤེལ་བའི་འཕྲིན་ཡིག་ནང་འཁོད་ཡོད་པ་རེད། འཕྲིན་ཡིག་དེའི་ནང་། (SCC)་ཞེས་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གིས་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་དང་། རྒྱ་ནག་ནས་ཡོང་བའི་རྒྱལ་སྤྱིའི་སློབ་མ་ཚོར་དཀའ་ངལ་བཟོ་བ་དང་འཇིགས་སྐུལ་གྱི་བྱ་སྤྱོད་སྤེལ་སྲིད་པའི་སེམས་འཚབ་ཡོད་པས། ཧར་ཝརཌི་གཙུག་ལག་སློབ་གཉེར་ཁང་གིས་ཨ་རིའི་གྲོས་ཚོགས་སུ་འབྲེལ་ཡོད་གནས་ཚུལ་གྱི་འདྲི་རྩད་གནང་པ་ཁག་ལ་ལན་འདེབས་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་རེད།།
ཡང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་སློབ་གྲྭ་ཆེན་མོའི་ཆབ་སྲིད་སྡེ་ཚན་གྱི་དགེ་རྒན་ཆེན་མོ་ཞཱ་མིན་ལགས་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཨ་རིའི་ཧར་ཝརཌི་(Harvard) གཙུག་ལག་སློབ་ཆེན་གྱིས་གཙོས་ཨ་རིའི་ནང་གི་སློབ་གྲྭ་ཆེན་མོ་ཁག་གི་ནང་རྒྱ་ནག་གིས་ཤུགས་རྐྱེན་སྤྲོད་བཞིན་པ་དེ་གཙོ་བོ་སློབ་ཆེན་ཁག་ནང་ཡོད་པའི་རྒྱ་ནག་རང་ཉིད་ཀྱི་སློབ་ཕྲུག་མཐུན་ཚོགས་དང་རྒྱ་ནག་གཞུང་ཚབ་ཀྱི་བར་འབྲེལ་བ་བཟོས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཁྱབ་སྤེལ་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་འཇིགས་སྐུལ་དང་སུན་གཙེར་བྱེད་བཞིན་པ། སློབ་གྲྭ་ཆེན་མོ་ཁག་གི་སློབ་ཕྲུག་ཙམ་མ་ཟད་དགེ་རྒན་ཚོར་ཡང་ཉེན་བརྡ་གཏོང་བ་དང་སྟངས་འཛིན་བྱེད་བཞིན་པ་བཅས་རྒྱ་ནག་གིས་སློབ་གྲྭ་ཆེན་མོ་ཁག་ནང་བྱ་ཐབས་རྣམ་པ་གསུམ་ཙམ་བེད་སྤྱོད་བྱེད་བཞིན་ཡོད་པ་གསུངས་བྱུང་།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།