རྒྱ་ནག་གི་གཞུང་ཚབ་པའི་གཏམ་བཤད་བྱེད་སར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

2024.04.20
རྒྱ་ནག་གི་གཞུང་ཚབ་པའི་གཏམ་བཤད་བྱེད་སར་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པ།

ཨ་རིའི་མེསེ་ཆུ་སེཊསི་ (MA) མངའ་སྡེའི་བྷོསི་ཊོན་ཉེ་འཁྲིས་སུ་རྟེན་གཞི་བྱེད་པའི་ཧར་ཝརྜ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་དང་། ས་གནས་བོད་མི་བཅས་ཀྱིས་ཕྱི་ཟླ་ ༤ ཚེས་ ༢༠ སྔ་དྲོ་ཨ་རིའི་ནང་གི་རྒྱ་ནག་གཞུང་ཚབ་པ་གཙུག་ལག་སློབ་གཉེར་ཁང་དེའི་ནང་གཏམ་བཤད་ཆེད་བཅར་གྱི་ཡོད་པ་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག
དེ་ཡང་ཨ་རིའི་ མེསེ་ཆུ་སེཊསི་ (MA) མངའ་སྡེའི་བྷོསི་ཊོན་ཉེ་འཁྲིས་སུ་རྟེན་གཞི་བྱེད་པའི་   Harvard Kennedy School of Government ཞེས་པའི་སློབ་གཉེར་ཁང་དུ་བོད་མི་དང་། ཝི་གུར། ཐེ་ཝན་བཅས་ཀྱི་སློབ་ཕྲུག་དང་། ས་གནས་བོད་མི་བཅས་ཀྱིས་ཨ་རིའི་ནང་གི་རྒྱ་ནག་གི་གཞུང་ཚབ་པ་ཤིའེ་ཕེང་ (Xie Feng) གཙུག་ལག་སློབ་གཉེར་ཁང་དེའི་ནང་ (Greater China Society) ཞེས་རྒྱ་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་བྱེད་པའི་རྒྱ་ནག་གི་ལྷན་ཚོགས་ (China Conference) ཚོགས་ཡུལ་དུ་མགྲོན་འབོད་ལྟར་བཅར་པའི་སྐབས་ངོ་རྒོལ་བྱས་ཡོད་འདུག


བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤྱི་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གི་གཞུང་ཚབ་པ་  ཤིའེ་ཕེང་ (Xie Feng)  ནི་སྲིད་འཛིན་ཞི་ཅིན་ཕིང་གི་འཛིན་སྐྱོང་འོག་བོད་མི་དང་ཝི་གུར་མི་རིགས་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་སྟེ་སྡུག་རྩུབ་ཀྱི་སྲིད་བྱུས་འཛིན་རྒྱུར་རམ་འདེགས་བྱེད་མཁན་གྱི་མི་སྣ་ཞིག་ཡིན་པ་མ་ཟད།  བོད་དང་ཤར་ཏུར་ཀིསི་ཐན་གཉིས་ནང་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་འཛིན་པའི་ཐོག་ནས་ཡུལ་ལུང་འདི་དག་བདག་བཟུང་བྱེད་པ་དང་། ཐེ་ཝན་ནང་དམག་གི་སྟོབས་ཤུགས་ཀྱི་ཐོག་ནས་བཙན་འཛུལ་བྱ་རྒྱུའི་སྡིག་རུ་སྐུལ་བཞིན་པའི་གནས་སྟངས་དེ་དག་དག་ཐེར་བྱེད་རྒྱུར་ཨ་རིའི་མངའ་ཁུལ་གང་སར་བསྐོར་སྐྱོད་བྱེད་བཞིན་ཡོད་རེད་ཅེས་སྐྱོན་བརྗོད་བྱས་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤྱི་བསྒྲགས་དེའི་ནང་མུ་མཐུད་བཀོད་དོན།   རྒྱ་ནག་གཞུང་ཚབ་པ་ ཤིའེ་ཕེང་ (Xie Feng)  གྱིས་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་ཕྱི་སྲིད་ལས་དོན་ཚན་པའི་ནང་ཧོང་ཀོང་གི་ལས་དོན་ཐོག་སྤྱི་ཁྱབ་འགན་འཛིན་གྱི་ལས་འགན་འཁྱེར་བཞིན་པའི་སྐབས།  ཧོང་ཀོང་གི་མི་མང་ས་ཡ་གཉིས་ཙམ་གྱིས་ཧོང་ཀོང་ས་གནས་སྲིད་གཞུང་གི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཟེར་བའི་ཁྲིམས་འཆར་དེ་ནི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་ཐབས་ཀྱི་སྲིད་བྱུས་ཞིག་ཡིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་ལས་འགུལ་བའི་ཐོག་ཉེན་རྟོག་པས་དྲག་ཤུགས་བཀོད་སྡོམ་བྱེད་པའི་འགན་འཁྲི་ཡོད་མཁན་གྱི་མི་སྣ་ཞིག་ཀྱང་ཡིན་པར་བརྟེན།  འདི་ལྟ་བུའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་མཁན་གྱི་མི་སྣ་ཞིག་ཧར་ཝརྜ་གཙུག་ལག་སློབ་གཉེར་ཁང་གི་གཞི་རྩའི་ལྟ་གྲུབ་དང་འགལ་ཟླའི་ལངས་ཕྱོགས་འཛིན་མཁན་ཞིག་ཡིན་དུས་སློབ་གཉེར་ཁང་ནང་ཡོང་བཅུག་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་སྐྱོན་བརྗོད་གནང་འདུག་ལ།  མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་ཕྲུག་ཚོ་བཙན་ཤེད་ཀྱི་ཐོག་ནས་རྒྱ་ནག་གི་གཏན་འཇགས་སློབ་གྲྭ་ཁག་ནང་བསྐྱོད་འཇུག་བཞིན་པ་དེས་བོད་པའི་སྐད་ཡིག་དང་།  རིག་གཞུང་རྣམས་རྒྱ་མི་རིགས་ཀྱི་ངོ་བོ་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་འཛིན་བཞིན་ཡོད་པ་དང་། དེ་བཞིན་ཝི་གུར་དང་ལྷོ་སོག་པོའི་ནང་དུའང་བྱ་ཐབས་གཅིག་མཚུངས་ལག་བསྟར་བྱེད་ཀྱི་ཡོད་ལུགས་སོགས་སྙན་ཐོའི་ནང་བཀོད་པ་ལུང་འདྲེན་གནང་སྟེ་རྒྱ་ནག་གཞུང་ཚབ་པ་ཤིའེ་ཕེང་སློབ་གཉེར་ཁང་དེའི་ནང་གཏམ་བཤད་ཆེད་འབྱོར་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཞིག་ཡིན་པ་བཀོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན། ཡེ་ཤེས་བཀྲ་ཤིས།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎