བོད་ནང་གི་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས།

འགྲོ་བ་མའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་སྤེལ་བ།

2012.01.30

༄༅༎ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་རེད་ ཨ་རིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་གསར་འགོད་གསལ་བསྒྲགས་དེའི་ནང་བོད་ནང་རང་དབང་ལྡན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་སྐུ་ཚབ་ཆེད་བསྐྱོད་བཅུག་དགོས་པ་དང་ཁ་སྔོན་བོད་མི་ཞི་བའི་ཐོག་ངོ་རྒོལ་བྱེད་མཁན་ཐོག་མེ་མདའ་རྒྱབ་ནས་དམར་བསད་དང་རྨས་སྐྱོན་བྱུང་བའི་དོན་རྐྱེན་དེ་དག་ཐོག་རྒྱ་གཞུང་ནས་ཞིབ་འཇུག་བྱས་ནས་གནས་ཚུལ་ཁ་གསལ་བཟོ་དགོས་པའི་དགོས་འདུན་བཏོན་གནང་ཡོད་པ་རེད་་ ཚོགས་པ་དེའི་ལས་བྱེད་ལྕམ་སཱོ་ཕི་ཡ་རི་ཆདྲ་སོན་ཡིས་དལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཡོད་བཞིན་དུ་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་མི་སྣས་བོད་མིའི་ཐོག་མེ་མདའ་རྒྱབ་པའི་གནས་ཚུལ་དེ་ཤིན་ཏུ་མི་འོས་པ་དང་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་སྐུལ་འདེད་གནང་ཡོད་པ་རེད་ ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེའི་གསར་འགོད་གསལ་བསྒྲགས་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བ་དང་བོད་མིའི་མངོན་འདོད་དང་མི་མཐུན་པའི་སྲིད་བྱུས་ཇི་འདྲ་སྤེལ་ཡང་རྒྱ་གཞུང་གིས་དུས་དང་རྣམ་པ་ཀུན་དུ་དྲངས་་བའི་བརྟན་ལྷིང་ཞེས་པ་དེ་སྒྲུབ་ཐབས་མེད་པ་མ་ཟད་དེ་ལས་ལྡོག་སྟེ་བརྟན་ལྷིང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་སྐོར་ཉེན་བརྡ་ཡང་བཏང་གནང་ཡོད་པ་རེད་ ཡང་ལྕམ་རི་ཆདྲ་སོན་ཡིས་རྒྱ་གཞུང་གིས་བོད་ཀྱི་གནད་དོན་དེ་གལ་ཆེར་ངོས་འཛིན་གྱིས་དེ་གང་མགྱོགས་ཞི་འཇམ་ཐོག་་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་དང་རིང་མིན་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཇིན་པིང་ཨ་རིའི་ནང་བསྐྱོད་སྐབས་སྲིད་འཛིན་ཨོ་སྦ་མ་མཆོག་གིས་བོད་དོན་དེ་འཛེམས་ཟོན་མེད་པར་ཐེར་འདོན་གནང་དགོས་པའི་འབོད་བསྐུལ་ཡང་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎