བོད་ཀྱི་ཆབ་སྲིད་བཙོན་ཟུར་བསམ་གྲུབ་ལགས་ལྷ་ས་ནས་སྐུ་གྲོངས་འདུག

2020-07-14
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་ཆབ་སྲིད་བཙོན་ཟུར་བསམ་གྲུབ་ལགས།
བོད་ཀྱི་ཆབ་སྲིད་བཙོན་ཟུར་བསམ་གྲུབ་ལགས།
tibet.net

བོད་ཀྱི་ཆབ་སྲིད་བཙོན་ཟུར་བསམ་གྲུབ་བམ་འཕྲིན་ལས་ཆོས་ལྡན་ལགས་དགུང་ལོ་༥༠་ཐོག་ལྷ་སའི་མི་དམངས་སྨན་ཁང་དུ་སྐུ་གྲོངས་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ཁོངས་གཏོགས་འབྲེལ་ཡོད་ཚན་པས་གནས་ཚུལ་སྤེལ་བ་ལྟར་ན། དེ་སྔ་ཕྱི་ལོ་༡༩༩༢་ལོའི་ཟླ་༥་བའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་བོད་དོན་ཆེད་ཞི་བའི་ངོ་རྒོལ་ལས་འགུལ་ནང་ཞུགས་རྗེས་འཛིན་བཟུང་བཙོན་འཇུག་བྱས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསམ་གྲུབ་བམ་འཕྲིན་ལས་ཆོས་ལྡན་ལགས་སུ། བར་སྐབས་ཞིག་ནས་གཅིན་སྙི་ཟ་ཁུའི་ནད་གཞི་བྱུང་བས། ཟླ་ཤས་གོང་ལྷ་སའི་མི་དམངས་སྨན་ཁང་དུ་སྨན་བཅོས་གནང་ཡང་ནད་གཞི་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་༢༠༢༠་ཟླ་ ༢ ་ཚེས་ ༡༧ ་ཉིན་དགུང་ལོ་༥༠་ཐོག་ལྷ་སའི་མི་དམངས་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག
ཁོང་ནི་ཕ་ཡུལ་ལྷ་སའི་འཕན་པོ་རྫོང་ལྕང་ར་ཤང་ནས་ཡིན་པ་དང་། དེ་སྔ་འབྲས་སྤུངས་དགོན་པའི་བདེ་དབྱངས་ཁང་ཚན་ཀྱི་དགེ་འདུན་པ་ཡིན་ལ། ཕྱི་ལོ་ ༡༩༩༢ ་ཟླ་ ༥ ་ཚེས་ ༡༢ ་ཉིན་ལྷ་སར་དགེ་འདུན་པ་ ༡༦ ་ཡིས་བོད་རང་དབང་ཆེད་ཞི་རྒོལ་གནང་བའི་ནང་ཞུགས་ནས། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ལོ་གསུམ་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་རྗེས་གློད་བཀྲོལ་ཐོབ་ཀྱང་དེའི་རྗེས་སླར་ཡང་འཛིན་བཟུང་བྱས་ནས་ལོ་བཞི་ཡི་ཁྲིམས་ཐག་བཅད་ཡོད་པ་རེད།
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་དང་བཙོན་འཇུག་བྱས་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་འདྲ་མིན་སྣ་ཚོགས་གཏོང་བཞིན་ཡོད་པར་བརྟེན་ལུས་སེམས་མི་བདེ་བ་བཟོས་པ་དང་། དེ་མིན་ཉེས་རྡུང་ཤུགས་ཆེ་བཏང་ནས་ལུས་ནད་གཅོང་དང་དབང་བོ་སྐྱོན་ཅན་བཟོས་པ་སོགས་ལ་བརྟེན་ནས་གློ་བུར་དུ་འདས་གྲོངས་སོང་བའམ། ཡང་ན་བཙོན་ཁང་ནས་གློད་བཀྲོལ་ཐོབ་རྗེས་རང་ཁྱིམ་དུ་ལོག་ནས་ཉིན་ཤས་རྗེས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དེ་རིགས་ཡང་ཡང་ཡོང་བཞིན་ཡོད་པ་དང་། ཁག་ཅིག་ལ་ཉེས་རྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་རྗེས་བཙོན་ཁང་དང་ཉེན་རྟོག་ལས་ཁུངས་སུ་འདས་གྲོངས་སུ་གྱུར་བ་ཡིན་ན། ཉེན་རྟོག་པ་ཚོར་མིང་ངན་ཕོག་རྒྱུར་དོགས་ནས་ནད་གཅོང་བཟོས་རྗེས་རང་ཁྱིམ་དུ་གློད་བཀྲོལ་གཏོང་བཞིན་པ་བཀོད་འདུག
འདི་ག་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་འདིའི་ཟླ་བ་ཁ་ཤས་ནང་བོད་ནང་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་རོང་པོ་རབ་བརྟན་དགོན་པའི་དགེ་འདུན་པ་དགེ་འདུན་ཤེས་རབ་ལགས་དང་། གསེར་རྟ་རྫོང་ཕུ་གུ་ཞང་གི་དགེ་འདུན་པ་ཆོས་ཀྱིས་ལགས། མལ་གྲོ་གུང་དཀར་རྫོང་རྒྱ་མ་ཡུལ་ཚོའི་ཚེ་རིང་བག་གྲོ་ལགས། འཕན་པོའི་བསམ་གྲུབ་བམ་འཕྲིན་ལས་ཆོས་ལྡན་ལགས་བཅས་བཞི་འདས་གྲོངས་སུ་ཕྱིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།