འབོ་ར་ནས་ཕྱག་རྡོར་སྐྱབས་ཀྱིས་རང་སྲེག་ཞི་རྒོལ་གནང་འདུག
2017.05.06
མདོ་སྨད་མདོ་ལྷོ་འབོ་ར་ནས་ན་གཞོན་ཕྱག་རྡོར་སྐྱབས་ཀྱིས་རྒྱ་ནག་གཞུང་ལ་རང་ལུས་མེར་སྲེག་ནས་ཞི་རྒོལ་བྱས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༧་ལོའི་ཟླ་༥་བའི་ཚེས་༢་ཉིན་གྱི་དགོང་དྲོར་མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་འབོ་ར་དགོན་པ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་བོད་མི་དེ་ནི་རང་ལོ་ ༡༦ ཡིན་པ་ཕྱག་རྡོར་སྐྱབས་ལགས་ཡིན་འདུག
དེ་ཡང་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་པ་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱག་རྡོར་སྐྱབས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡུལ་ནི་འབོ་ར་དགོན་པའི་གླིང་གི་ནང་ཡིན་འདུག་ཅིང་། འོན་ཀྱང་ཁོང་ནི་ལོ་བཅུ་དྲུག་ཅན་གྱི་འབྲིང་རིམ་སློབ་གྲྭའི་སློབ་ཕྲུག་མི་སྐྱ་ཞིག་ཡིན་པ་ལས་དགེ་འདུན་པ་མིན་པ་དང་། ཁོང་གི་ལུས་ལ་མེ་ལྕེ་འབར་བཞིན་པའི་སྐབས། བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་སུ་འཇུག་དགོས་ཅེས་སྐད་འབོད་བྱེད་བཞིན་དུ་འབོ་ར་ཡུལ་ཚོའི་ས་གནས་རྒྱ་ནག་གི་སྲིད་གཞུང་ལས་ཁུངས་ཕྱོགས་སུ་རྒྱུག་ཐབས་བྱས་འདུག་ཀྱང་། མེ་ལྕེ་ཆེན་པོའི་ཁྲོད་རིང་བོར་མ་འགོར་བར་ས་ལ་འགྱེལ་འདུག། དེ་མ་ཐག་ས་གནས་རྒྱ་ནག་གི་ཉེན་རྟོག་པ་དང་། དམག་མི་འབྱོར་ནས་ཁོང་གི་ལུས་སྟེང་གི་མེ་བསད་དེ་ཁོང་བཙན་འཁྱེར་བྱས་རྗེས། རྒྱ་ནག་གི་དབང་འཛིན་པས་ས་གནས་སུ་དམ་དྲག་ཧ་ཅང་ཆེན་པོ་བྱས་པར་བརྟེན། དེའི་རྗེས་ཀྱི་གནས་ཚུལ་དང་ཕྱག་རྡོར་སྐྱབས་ལགས་ཀྱི་གནས་སྟངས་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་འདུག
ལོ་ན་༡༦་ཡིན་པའི་ཕྱག་རྡོར་སྐྱབས་ལགས་ནི། འབོ་ར་རྡར་མདོ་སྡེ་བའི་མ་སྒྲོལ་མ་འཚོ་དང་། ཕ་བཟོད་པ་གཉིས་ཀྱི་བུ་ཡིན་འདུག
ཕྱག་རྡོར་སྐྱབས་ལགས་ནི་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་ཨ་མདོ་འབོ་ར་ཁུལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་བཞི་པ་དེ་ཆགས་ཡོད་པ་དང་། ༢༠༠༩ ལོ་ནས་ད་བར་བོད་ས་ཁྱོན་ཡོངས་ནས་རང་ལུས་མེར་སྲེག་གནང་མཁན་༡༤༩་པ་དེ་ཡིན་པ་རེད།
འབོ་ར་ནི་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་འམ་མདོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ཁོངས་སུ་ཡོད་ཅིང་། མདོ་སྨད་ཡུལ་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཡིན་པ་རེད།།
གསར་འགོད་པ་ཀླུ་འབུམ།