བོད་ནང་ལྕགས་ལམ་འཛུགས་བསྐྲུན་བྱེད་བཞིན་པ་ནི་རྒྱ་ནག་རང་གི་ཁེ་ཕན་ཆེད་རེད་ཟེར།


2020-11-09
Share
ལྷ་ས་ནས་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་བཟོ་བཞིན་པ། ལྷ་ས་ནས་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་བཟོ་བཞིན་པ།
མཐུན་འགྱུར་པར་རིས། ཚེ་དབང་རྡོ་རྗེ།

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕིང་གིས་ཟི་ཁྲོན་ཞིང་ཆེན་ནས་ཀོང་པོ་ཉིང་ཁྲི་བར་རྒྱག་བཞིན་པའི་རི་ལིའི་ལྕགས་ལམ་འཛུགས་བསྐྲུན་གྱི་ལས་གཞི་དེ་མགྱོགས་ཏུ་གཏོང་དགོས་པའི་བཀའ་བཏང་ཡོད་འདུག
སྲིད་འཛིན་ཞི་ཅིན་ཕིང་གིས་ཟི་ཁྲོན་ཞིང་ཆེན་ནས་ཀོང་པོ་ཉིང་ཁྲི་བར་གྱི་རི་ལིའི་ལྕགས་ལམ་འཛུགས་བསྐྲུན་གྱི་ལས་གཞི་དེ་མགྱོགས་ཏུ་གཏོང་དགོས་པའི་བཀའ་དེ་འདི་ཚེས་༨རེས་གཟའ་ཉི་མ་ཉིན་རྒྱ་ནག་དམར་ཤོག་གིས་བོད་ནང་གི་ལས་དོན་འཆར་གཞིའི་སྐོར་དྲ་བརྙན་བརྒྱུད་གཏམ་བཤད་གནང་སྐབས་བརྗོད་ཡོད་པ་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་རེད། སྐབས་དེར་སྲིད་འཛིན་ཞེ་ཅིན་ཕིང་གིས་བོད་ནང་གི་རི་ལིའི་ལྕགས་ལམ་འཛུགས་བསྐྲུན་གྱི་ལས་གཞི་དེས་རྒྱལ་ཁབ་ཆིག་སྒྲིལ་དང་མི་རིགས་བར་གདུང་སེམས་མཉམ་སྐྱེས་དང་ས་མཚམས་གཏན་ལྷིང་ཐོག་གལ་གནད་ཆེ་བའི་སྐོར་བརྗོད་ཡོད་པ་རེད། ཡང་ཁོང་གིས་བོད་ནང་འཛུགས་བསྐྲུན་བྱེད་བཞིན་པའི་རི་ལིའི་ལྕགས་ལམ་དེས་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ནང་གི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ཐོག་ཕན་ཐོགས་ཡོང་རྒྱུ་ཡིན་པ་མ་ཟད། འཛུགས་བསྐྲུན་གྱི་ལས་གཞི་དེ་རྒྱ་ནག་གི་འཛུགས་བསྐྲུན་གྱི་མཐུན་རྐྱེན་ཁག་བེད་སྤྱོད་བྱས་ནས་ཁོར་ཡུག་ལ་གནོད་ཚབས་མེད་པའི་ཐོག་བྱེད་དགོས་པའི་སྐོར་བརྗོད་ཡོད་པ་རེད།
རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ནས་ཡ་ཨན་གཡག་རྔ་བར་གྱི་རི་ལིའི་ལམ་དངོས་སུ་འགྲོ་རྒྱུག་དེ་༢༠༡༨ ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་འགོ་འཛུགས་ཟིན་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་ས་ནས་ཀོང་པོ་ཉིང་ཁྲི་བར་གྱི་ལས་འཆར་དེ་ཕྱི་ལོ་༢༠༡༥ལོའི་ཕྱི་ཟླ་དྲུག་པའི་ནང་འགོ་འཛུགས་བྱས་ཡོད་པ་རེད།
རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུའུ་ནས་བོད་ཀྱི་ཀོང་པོ་ཉིང་ཁྲི་བར་གྱི་རི་ལིའི་ལྕགས་ལམ་དེ་རྒྱ་ནག་གི་གྲོང་ཁྱེར་ཡ་ཨན་དང་ཆབ་མདོ་བརྒྱུད་རྒྱུ་ཡིན་པ་དང་། དེར་མ་གནས་ཨ་སྒོར་ཐེར་འབུམ་༤༩ཙམ་གནས་ཀྱི་ཡོད་པ་མ་ཟད། རི་ལིའི་ལམ་དེས་ཁྲིན་ཏུའུ་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་འགྲོ་བསྐྱོད་འགོར་རྒྱུན་དེ་ཆུ་ཚོད་༤༨ནས་ཆུ་ཚོད་༡༣བར་ཉུང་དུ་འགྲོ་རྒྱུ་ཡིན་པ་རེད།
སྤྱིར་བཏང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཐོག་བརྒྱུད་ལྕགས་ལམ་གང་སར་བསྐྲུན་བཞིན་པ་དེས་བོད་ནང་རྒྱ་མི་གནས་སྤོར་རྒྱུ་སྟབས་བདེ་རུ་འགྲོ་རྒྱུ་དང་། བོད་མིའི་ཆོས་དང་རིག་གཞུང་། ངོ་བོ་སྲུང་སྐྱོབ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་དེ་སྔ་འདི་གའི་རླུང་འཕྲིན་ཁང་ལ་གསུངས་ཡོད།
རྒྱ་ནག་གཞུང་གིས་ཟི་ཁྲོན་གཡག་རྔ་ནས་ཀོང་པོ་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་གསར་བསྐྲུན་བྱེད་བཞིན་པ་དེ་ནི་བོད་དང་ས་འབྲེལ་རྒྱ་གར་ཨ་རུ་ན་ཅལ་དང་ཐག་ཉེ་བ་དང་། རྒྱ་གར་སོགས་ཁྱིམ་མཚེས་ཡུལ་གྲུ་གཞན་མཉམ་དམག་འཐབ་དང་ས་གནས་ཡུལ་མིའི་ངོ་རྒོལ་ཞི་འཇགས་ཆེད་རྒྱ་ནག་གི་དམག་མི་དུས་ཐོག་འཕྲལ་གཏོང་ཐུབ་ཆེད་ཡིན་ལུགས་རྒྱ་གར་གྱི་བདེ་སྲུང་དམག་བྱུས་མཁས་པ་དང་རྩོམ་བྲིས་པ་དམག་དཔོན་སྐུ་ཞབས་(Amit Bansal)ལགས་ཀྱི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།