སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སུ་༢༠༢༡་ལོའི་སྲིད་སྐྱོང་གི་འོས་བསྡུའི་རྒྱལ་ཁ་ཐོབ།

0:00 / 0:00

0:00 / 0:00

བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གི་གཞུང་འབྲེལ་གསལ་བསྒྲགས་ལྟར་ན་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སུ་༢༠༢༡་ལོའི་སྲིད་སྐྱོང་གི་འོས་བསྡུའི་རྒྱལ་ཁ་ཐོབ་འདུག
ཕྱི་ཟླ་༥་ཕྱི་ཚེས་༡༤་ཉིན། བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་གཙོས། འགན་འཛིན་ལས་འཕར་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་དང་། དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་བཅས་ཀྱིས་དྲ་ལམ་ཐད་གཏོང་བརྒྱུད་ཕྱི་ལོ་༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་གཞུང་འབྲེལ་ཐོག་གསལ་བསྒྲགས་གནང་ཡོད་པ་དང་། སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སུ་འོས་གྲངས་༣༤༣༢༤་དང་། དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ་འོས་གྲངས་༢༨༩༠༧་ཐོབ་ཏེ། སྤེན་པ་ཚེ་རིང་ལགས་སུ་སྲིད་སྐྱོང་གི་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་གསལ་བསྒྲགས་གནང་སོང་།

elect.JPG
(Lhu BOOM)

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ། ཁོང་སྲིད་སྐྱོང་ལ་བདམས་ཐོན་བྱུང་བར་ཐུགས་ཚོར་དང་འབྲེལ་ནས་བཅར་འདྲི་ཞུས་པར། ཁོང་གིས། རང་ཉིད་ལ་འོས་ཐོབ་པ་ཙམ་གྱིས་དགའ་དགོས་པའི་གནས་སྟངས་གང་ཡང་མེད། གཙོ་བོ་འབྱུང་འགྱུར་བོད་རྒྱའི་དཀའ་ངལ་སེལ་བའི་དུས་སྐབས་བྱུང་ན་དོན་དམ་དགའ་སྤོབས་སྐྱེས་འོས་པའི་དུས་ཤིག་ཡིན་ཞེས་གསུང་གནང་བྱུང་།
ཕྱོགས་མཚུངས་འདི་ག་རླུང་འཕྲིན་ཁང་ནས་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སུ། འོས་བསྡུའི་གྲུབ་འབྲས་དང་འབྲེལ་ནས་བཅའ་འདྲི་ཞུས་སྐབས། ཁོང་གིས་ངོས་ལེན་གནང་མ་བྱུང་། ཡིན་ན་ཡང་ཁོང་གིས་ངོ་དེབ་བརྒྱུད་གསལ་བསྒྲགས་སྤེལ་བའི་ནང་། དུས་ཚོད་ཐུང་ངུ་ཞིག་གི་ནང་འོས་བསྡུའི་དྲིལ་བསྒྲགས་ཀྱི་མགོ་མཇུག་བར་གསུམ་པོ་བཟང་སྤྱོད་དང་ཆེས་མཐོང་གི་ལམ་ནས་སྤེལ་ཐུབ་པ་བྱུང་བར་དགའ་སྤོབས་ཚད་མེད་སྐྱེས་ཡོད་ཞེས་དང་། རང་ངོས་ནས་བདམས་ཐོན་སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་། ད་ལྟའི་དཀའ་རྙོག་དང་འགྱུར་འགྲོས་ཆེ་བའི་སྐབས་འདིར་ཁོང་ཉིད་ཀྱི་ལས་དོན་ལེགས་འགྲུབ་ཡོང་བ་དང་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ། དཀའ་ཐུབ་ལྷུར་ལེན་གནང་ཐུབ་པའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་ཞེས་དང་། གཞན་ཡང་ད་རེས་དངོས་གཞིའི་འོས་བསྡུའི་སྐབས་དྲིལ་བསྒྲགས་དུས་ཡུན་ཉིན་༡༨་ལས་བྱུང་མེད་པ་དེ་ཉུང་རྐྱེན་འདུག་པས། མ་འོངས་པར་དུས་ཚོད་དེ་ལས་མང་ཞིག་དགོས་པ་སོགས་ཀྱི་དགོས་ངེས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཡོང་བ་སྤྱི་འཐུས་ལྷན་ཚོགས་སུ་འབོད་སྐུལ་ཞུ་གྱི་ཡོད་ཅེས་འཁོད་འདུག
དེ་བཞིན་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་གསལ་བསྒྲགས་གནང་བའི་ནང་། དབུས་གཙང་སྤྱི་འཐུས་སུ་སྒྲོལ་བ་ཚེ་རིང་ལགས་དང་། ཟླ་བ་ཕུན་སྐྱིད་ལགས། མི་འགྱུར་རྡོ་རྗེ་ལགས། སྲོག་སྟོད་དངོས་གྲུབ་རྡོ་རྗེ་ལགས། བློ་བཟང་སྲིད་མཐར་ལགས། ཚེ་རིང་དབྱངས་ཅན་ལགས། དོན་གྲུབ་བཀྲིས་ལགས། རིག་འཛིན་ལྷུན་གྲུབ་ལགས། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། ཟླ་བ་ཚེ་རིང་ལགས་བཅས་དང་།

མདོ་སྟོད་སྤྱི་འཐུས་སུ་རྡོ་རྗེ་ཚེ་བརྟན་ལགས་དང་། དབུ་དཀར་ཚང་གཡུ་སྒྲོན་ལགས། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། བསྟན་འཛིན་འཇིགས་བྲལ་ལགས། གསེར་རྟ་ཚུལ་ཁྲིམས་ལགས། ཆོས་འཕེལ་ཐུབ་བསྟན་ལགས་། ཚེ་རིང་སྒྲོལ་ལགས། རྒྱལ་ལྡོང་ཕུར་བུ་རྡོ་རྗེ་ལགས། དཀོན་མཆོག་ཡར་འཕེལ་ལགས། དབང་འདུས་རྡོ་རྗེ་ལགས་བཅས་དང་།

མདོ་སྨད་སྤྱི་འཐུས་སུ་པདྨ་མཚོ་ལགས། དོན་གྲུབ་བཀྲིས་ལགས། ཚེ་རིང་ལྷ་མོ་ལགས། བཀྲིས་དོན་གྲུབ་ལགས་། དབྲ་རྩ་བསོད་ནམས་ནོར་བུ་ལགས། ཀརྨ་དགེ་ལེགས་ལགས། ཡེ་ཤེས་སྒྲོལ་མ་ལགས། བློ་བཟང་ཐུབ་བསྟན་ལགས། དགེ་བཤེས་གངས་རི་ལགས། ཆོས་གྲགས་རྒྱ་མཚོ་ལགས་བཅས་དང་།
རྙིང་མའི་སྤྱི་འཐུས་སུ། མཁན་པོ་བསོད་ནམས་བསྟན་འཕེལ་ལགས། མཁན་པོ་འཇམ་དཔལ་བསྟན་འཛིན་ལགས།
བཀའ་བརྒྱུད་སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། བསྟན་པ་ཡར་འཕེལ་ལགས།
ས་སྐྱའི་སྤྱི་འཐུས་སུ་སློབ་དཔོན་ཐུབ་བསྟན་རྒྱལ་མཚནལགས། མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་ལགས།
དགེ་ལུགས་སྤྱི་འཐུས་དགེ་བཤེས་གོ་བོ་བློ་བཟང་ཕན་བདེ་ལགས། དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས།
གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས།
ལྷོ་བྱང་ཨ་རིའི་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས། དོན་གྲུབ་ཚེ་རིང་ལགས།
ཡོ་རོབ་དང་ལྷོ་ཨ་ཧྥི་རི་ཀའི་སྤྱི་འཐུས་སུ་ཐུབ་བསྟན་དབང་ཆེན་ལགས། ཐུབ་བསྟན་རྒྱ་མཚོ་ལགས།
ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་བཅས་བདམས་ཐོན་བྱུང་བ་ཡོངས་ཁྱབ་གསལ་བསྒྲགས་གནང་སོང་།
གསལ་བསྒྲགས་སྐབས་གསར་འགོད་པ་ཚོ་དྲ་ལམ་བརྒྱུད་མཉམ་ཞུགས་བྱས་ནས། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་ལ། དེ་སྔོན་གྱི་འོས་བསྡུའི་ལས་རིམ་གཞིར་བཟུང་བྱས་པ་ཡིན་ན་ཟླ་༥བའི་ཚེས་༣༠་ཉིན་སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམ་པའི་དམ་བཅའ་འབུལ་བཞེས་མཛད་སྒོ་གནང་རྒྱུ་ཞེས་འཁོད་ཡོད་དང་། གཞན་ཡང་ཚེས་༢༠་ཉིན་ཚོགས་གཏན་འཁེལ་བའི་སྤྱི་འཐུས་ཚོགས་འདུ་འཕར་མའི་སྐབས་སྤྱི་འཐུས་ཚོགས་གཙོ་གསར་པ་འོས་བསྡུ་གནང་འཆར་ཡོད་མེད་དང་། བདམས་ཐོན་སྲིད་སྐྱོང་དང་སྐབས་༡༧་པའི་སྤྱི་འཐུས་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་ཡུལ་ཁྲིམས་ཞིབ་པ་མེད་པ་སོགས་ཀྱི་གནད་དོན་ཐད་འདྲི་རྩད་བྱས་སྐབས་དེའི་ཐད་ཁ་གསལ་གྱི་བཀའ་ལན་གནང་མ་བྱུང་།
ད་རེས་༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་འདི་བཞིན་འཛམ་གླིང་གི་རྒྱལ་ཁབ་༢༦་ནང་ས་གནས་འོས་བསྡུ་ལས་ཁང་༥༨་འོག་འོས་བསྡུ་བྱ་ཡུལ་སྡེ་ཚན་ཁག་༣༠༦་གི་ནང་འོས་བསྡུ་བྱས་ཡོད་པ་དང་། འོས་འཕེན་པ་དེབ་འགོད་བྱེད་མཁན་གྲངས་༨༣༠༨༠་བྱུང་ཡོད་པའི་ཁྲོད་ནས་དངོས་སུ་འོས་འཕེན་མཁན་༦༣༩༩༡་བྱུང་ནས་བརྒྱ་ཆ་༧༢་༠༢་ཟིན་པ་ནི་ད་བར་གྱི་འོས་བསྡུ་ལས་རིམ་ནང་ཆ་ཤས་ལེན་མཁན་བརྒྱ་ཆ་མཐོ་ཤོས་ཆགས་ཡོད་པ་དབུས་འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱི་འགྲེལ་བརྗོད་གནང་སོང་།