སྲིད་སྐྱོང་མཆོག་གིས་མཡེ་སོར་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་གཏམ་བཤད་གནང་འདུག

2024.02.09
སྲིད་སྐྱོང་མཆོག་གིས་མཡེ་སོར་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་གཏམ་བཤད་གནང་འདུག སྲིད་སྐྱོང་མཆོག་སྦེང་ལོར་(St. Joseph)་མཐོ་སློབ་ཏུ་གསུང་བཤད་གནང་བཞིན་པ། ༠༢།༠༧།༢༠༢༤
CTA

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་གཞུང་དོན་འཚམས་གཟིགས་གནང་བཞིན་པ་ལྟར། ཟླ་བ་འདིའི་ཕྱི་ཚེས་༩་ཉིན་རྒྱ་གར་ལྷོ་ཕྱོགས་མཡེ་སོར་(Mysore)་གཙུག་ལག་སློབ་ཁང་དུ། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་དྭང་བླང་ཞུ་གཏུགས་ཚན་པ་དང་། མཡེ་སོར་གཙུག་ལག་སློབ་གཉེར་ཁང་ནང་ཡོད་པའི་རྒྱལ་སྤྱིའི་སློབ་མའི་ལྷན་ཚོགས་བཅས་ཐུན་མོང་གིས་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་མཡེ་སོར་གཙུག་ལག་སློབ་ཁང་གི་ཉེ་བའི་རིག་བདག་དང་གཙུག་ལག་སློབ་ཁང་དེའི་ཨམ་བྷེཌ་སྐར་སྡེ་ཚན་གྱི་གཙོ་འཛིན་གྱི་གཙོས་པས་སློབ་དཔོན་ཆེ་ཁག དེ་བཞིན་ཨ་ཧྥི་རི་ཀ་ཡུལ་གྲུ་ཁག་དང་ཐེ་ལེཎྜ་སོགས་རྒྱལ་ཁབ་ཁག་༢༠་ཙམ་གྱི་སློབ་ཕྲུག་ལྷན་དུ་སྙིང་རྗེ་དང་རིག་གཞུང་སྣ་ཚོགས་འཆམ་མཐུན་ཞེས་པའི་བརྗོད་གཞི་དང་འབྲེལ་བའི་ལྷན་ཚོགས་འཚོགས་གནང་བའི་ཐོག སྲིད་སྐྱོང་མཆོག་གིས་སྙིང་རྗེ་དང་འཆམ་མཐུན་ཡོང་ཐབས་སུ་རྒྱལ་ཁབ་ཕན་ཚུན་རིག་གཞུང་གི་གནད་དོན་ཐོག་གོ་རྟོགས་དགོས་གལ་ཆེ་བ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་གནའ་རབས་ཀྱི་རིག་གཞུང་ལ་གུས་བརྩི་བྱེད་ཀྱི་མེད་པ། བོད་མིས་བདེན་པ་ལ་ཞི་བའི་འཐབ་རྩོད་མུ་མཐུད་དུ་བྱེད་བཞིན་ཡོད་པ་སོགས་བོད་དོན་གཏམ་བཤད་གནང་ཡོད་པ་སྲིད་སྐྱོང་མཆོག་དང་ལྷན་བཅར་ཞུས་ཡོད་པ་སྦེང་ལོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

Sikyong in S India (1).jpg
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ཚེས་༦ནས་༨བར་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ། གྲོང་ཁྱེར་དེའི་ནང་ཡོད་པའི་རྒྱ་གར་གྱི་གཙུག་ལག་སློབ་ཁང་ཁག་དང་། མཐོ་སློབ་ཁག་བཞི་ཙམ་ཞིག་གི་ནང་གོ་ལའི་སྟེང་བོད་མཐོ་སྒང་གི་གལ་གནད་དང་། འཕགས་བོད་གཉིས་བར་གྱི་འབྲེལ་བ་སོགས་ཀྱི་སྐོར་གསུང་བཤད་དང་། སློབ་ཕྲུག་ཚོས་དོགས་འདྲི་གནང་བ་ཁག་ལ་བཀའ་ལན་གནང་བ། གཞན་ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་(Nirupama Rao)་ལགས་དང་མཇལ་འཕྲད་ཀྱིས། ད་ལྟའི་བོད་ནང་གི་གནས་སྟངས་དང་། རྒྱལ་སྤྱིའི་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་གནས་བབ་སོགས་ངོ་སྤྲོད་གནང་བ་དང་འབྲེལ། བོད་དོན་ལ་མུ་མཐུད་དུ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་པ། བོད་མིའི་རང་དབང་གི་ལས་འགུལ་དང་འབྲེལ་བའི་སྐོར་(Indian Express)་ཞེས་པའི་རྒྱ་གར་གྱི་ཉིན་རེའི་གསར་ཤོག་གཙོས་རྒྱ་གར་གྱི་གསར་ལམ་ཁག་གི་བཅར་འདྲི་དང་ལེན་ཡོད་པ་རེད།


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྡེ་དགེ་དབོན་སྟོད་ཁུལ་དུ་ཁྱོན་མི་གྲངས་༡༠༠༠ལྷག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎