སྲིད་སྐྱོང་མཆོག་གིས་ཉི་ཧོང་ནང་སློབ་ཕྲུག་༣༠༠ཙམ་ཞིག་ལ་བོད་ཀྱི་ཁོར་ཡུག་སྐོར་གཏམ་བཤད་གནང་བ།

2022.09.23
Share on WhatsApp
Share on WhatsApp
སྲིད་སྐྱོང་མཆོག་གིས་ཉི་ཧོང་ནང་སློབ་ཕྲུག་༣༠༠ཙམ་ཞིག་ལ་བོད་ཀྱི་ཁོར་ཡུག་སྐོར་གཏམ་བཤད་གནང་བ། སྲིད་སྐྱོང་མཆོག་བོད་དོན་སྐོར་གཏམ་བཤད་གནང་བཞིན་པའི་པར་རིས། ༢༠༢༢།༠༩།༢༢
Tibet House Japan

ཕྱི་ཚེས་༢༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཉི་ཧོང་དུ་རྟེན་གཞི་བྱས་པའི་ཅི་སྦ་མངའ་སྡེའི་གཙུག་ལག་སློབ་གྲྭ་གཉིས་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་བོད་ཀྱི་གནད་དོན་ངོ་སྤྲོད། བོད་ཀྱི་ཁོར་ཡུག་དེ་ཆབ་སྲིད་ཀྱི་གནད་དོན་ཙམ་མིན་པ་དང། དེ་ནི་ཨེ་ཤེ་ཡའི་ཆུ་སྣོད་ཆེ་ཤོས་དེ་ཆགས་ཀྱི་ཡོད་ཚུལ་དང་། དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རྒྱ་ཁོངས་མིན་པ་དང་རང་བཙན་གཙང་མ་ཡིན་པ་སོགས་ཀྱི་སྐོར་གཏམ་བཤད་གནང་ཡོད་པ་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཡང་སྲིད་སྐྱོང་མཆོག་གིས་ད་ལྟ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏོང་བཞིན་པ་དང་ཆོས་དད་རང་དབང་མེད་པ་སོགས་ཀྱི་གནས་སྟངས་ཛ་དྲག་ཡིན་པའི་སྐོར་གཏམ་བཤད་གནང་འདུག་ལ། སྐབས་དེར་སློབ་ཕྲུག་ཚོས་དོ་སྣང་ཆེན་པོས་སྲིད་སྐྱོང་མཆོག་ལ་དྲི་བ་དྲིས་པ་དང་སློབ་ཕྲུག་ཚོས་ཀྱང་སྲིད་སྐྱོང་མཆོག་གི་གཏམ་བཤད་དེ་ཡག་པོ་བྱུང་ཡོད་སྐོར་བརྗོད་ཡོད་པ་དང་། དྲི་བ་མང་དག་ཅིག་དྲིས་པའི་ཁྲོད་སློབ་ཕྲུག་འགའ་ཞིག་གིས་ཉི་ཧོང་རྒྱལ་ཁབ་དེ་ཉིད་སྲུང་སྐྱོབ་གང་འདྲ་བྱེད་དགོས་མིན་ཐད་སྲིད་སྐྱོང་མཆོག་ལ་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས་ཤེས་ཡོན་དང་དྲང་བདེན་གཉིས་ནི་རྒྱལ་ཁབ་སྲུང་སྐྱོབ་ཆེད་གལ་ཆེ་ཤོས་ཡིན་ཚུལ་བཀའ་ལན་གནང་སོང་ཞེས་ཉི་ཧོང་སྐུ་ཚབ་དོན་གཅོད་ཀྱིས་གསུངས་བྱུང་།

308010928_3270353313235580_1841153277472735217_n.jpg

གཞན་ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས་ཪེ་ཨི་ཏ་ཀུ་Reitakuགཙུག་ལག་སློབ་གྲྭའི་སྤྱི་ཐབ་དེ་ཉིད་གསར་རྒྱག་གྲུབ་ནས་སློབ་གྲྭའི་སློབ་སྤྱི་དང་ལྷན་དུ་དབུ་འབྱེད་གནང་ཡོད་པ་དང་། ཞོར་དུ་བོད་པའི་སློབ་ཕྲུག་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་མ་འོངས་དམིགས་ཡུལ་དང་སློབ་སྦྱོང་མུ་མཐུད་གནང་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་བཀའ་སློབ་གནང་འདུག

ཉིན་དེའི་མཇུག་ཏུ་ཅི་སྦ་གཙུག་ལག་སློབ་གྲྭའི་ངོས་ནས་སྟོན་ཀའི་གསོལ་སྟོན་Autumn Courseཞེས་པ་ཞིག་སྲིད་སྐྱོང་མཆོག་ལ་འདེགས་འབུལ་གནང་བ་དང་འབྲེལ།་སྲིད་སྐྱོང་མཆོག་གིས་གཙུག་ལག་སློབ་གྲྭ་དེ་ཉིད་ཀྱི་ངོས་ནས་བོད་དོན་ལ་ཐུགས་འཁུར་གནང་བ་དང་།་བོད་པའི་སློབ་ཕྲུག་ལ་སློབ་སྦྱོང་གི་གོ་སྐབས་གནང་བ་སོགས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་ཉི་ཧོང་སྐུ་ཚབ་དོན་གཅོད་ནས་གསུངས་བྱུང་།

སྲིད་སྐྱོང་མཆོག་ཕྱི་ཚེས་༢༡ནས་༢༧བར་བདུན་ཕྲག་གཅིག་རིང་ཉི་ཧོང་རྒྱལ་ཁབ་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གི་ཡོད་པ་དང་། ཕྱིས་ཚེས་༢༡ཉིན་སྲིད་སྐྱོང་མཆོག་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནས་སྟངས་དེ་ཛ་དྲག་ཡིན་པ་དང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ལ་ཐུགས་འཁུར་གནང་བར་ཐུགས་རྗེ་ཞུས་གནང་ཡོད་པ་རེད།

གསར་འགོད་པ། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎