སྐབས་༡༧པའི་བདམས་ཐོན་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དམ་འབུལ་ཞུས་གནང་སོང་།

2021-10-09
Share
སྐབས་༡༧པའི་བདམས་ཐོན་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དམ་འབུལ་ཞུས་གནང་སོང་། སྐབས་༡༧པའི་བདམས་ཐོན་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དམ་འབུལ་ཞུས་གནང་སོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་ཡིག་གི་དོན་ཚན་དང་པོ་ལྟར་སྤྱི་འཐུས་ཚང་མས་ཤར་བསྐྱོད་ཀྱིས་སྤྱི་འཐུས་༤༥ ཡིས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུས་པའི་རྗེས་སྐབས་༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་འོས་འདེམས་གནང་སྟེ་འདི་ཚེས་༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་པའི་མཛད་གཙོ་རྣམ་པ་ལྷན་བཞུགས་ཐོག་བདམས་ཐོན་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་ཚོགས་གཞོན་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་རྣམ་གཉིས་ནས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་དུ་ལས་འཁུར་དམ་འབུལ་ཞུས་གནང་སོང་།

སྐབས་དེར་དམ་འབུལ་ལས་རིམ་གྲུབ་པའི་རྗེས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། རིང་མིན་ལས་དོན་མང་བ་ཞིག་ནི་ཁྲིམས་སྒྲིག་ཐོག་ལ་ཁ་གསལ་བཟོ་རྒྱུ་དང་དེ་དག་ཡར་རྒྱས་གཏང་རྒྱུ་ནི་གལ་ཆེ་པོ་ཞིག་མཐོང་གི་འདུག་ཅེས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་དང་འབྲེལ་བ་ཡོད་པ་དེ་མུ་མཐུད་གནས་རྒྱུ་ལ་སོགས་པོའི་ལས་རིམ་མང་པོ་ཞིག་བང་སྒྲིག་ཡོད་པ་གསུངས་ཀྱི་འདུག

རིང་མིན་ཚོགས་ལ་ཉེ་བའི་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་གཙོ་བོ་འཛིན་སྐྱོང་གི་བཀའ་བློན་རྣམ་པ་བསྐོ་བཞག་བྱ་རྒྱུ་དང་། དེ་བཞིན་འཛིན་སྐྱོང་གི་ལས་དོན་སྤྱི་དང་ལྷག་པར་དུ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་གྲོད་འཆར་སོགས་ཀྱི་ཐོག་གོ་བསྡུར་གནང་རྒྱུ་ཡིན་འདུག་པ་དང་། གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་ལས་རིམ་མང་པོ་མེད་པ་ཡིན་ན། ཉིན་གཅིག་ནང་དུ་མཇུག་སྒྲིལ་གནང་འཆར་ཡོད་པ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་འདི་ཚེས་༨ ཉིན་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གྱི་འོས་བསྡུའི་སྐབས། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་སུ་འོས་གྲངས་༢༢ དང་། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སུ་འོས་གྲངས་༢༣ ཐོབ་སྟེ་སྐབས་བཅུ་བདུན་པའི་སྤྱི་འཐུས་ཚོགས་གཙོར་འོས་འདེམས་བྱུང་ཡོད་པ་དང་། ཡང་སྐབས་དེར་སྤྱི་འཐུས་ཚོགས་གཞོན་གྱི་འོས་བསྡུའི་སྐབས། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་སུ་འོས་གྲངས་༢ དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་སུ་འོས་གྲངས་༡༨ཐོབ་སོང་བ་དང་། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་སུ་འོས་གྲངས་༢༣ ཐོབ་སྟེ་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་དུ་འོས་འདེམས་བྱུང་ཡོད་པ་དང་། འོས་ཤོག་གཉིས་རྩིས་མེད་དུ་ཕྱིན་ཡོད་པ་རེད།

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནི། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྣམ་གྲོལ་གླིང་གི་བཤད་གྲྭར་མདོ་རྒྱུད་གོང་འོག་དང་། ཆོས་འབྱུང་། རྒྱལ་རབས། རིག་གནས་བཅས་ལ་སྦྱང་བརྩོན་གནང་བའི་རྗེས། རིམ་པས་ཕར་ཕྱིན་རབ་འབྱམས་པའི་ལག་འཁྱེར་དང་ངེས་གསང་ལེགས་བཤད་མཛོད་འཆང་གི་ལག་འཁྱེར་སོན་འདུག་ཅིང་། ཕྱི་ལོ་ ༢༠༠༦ ལོར་སྐབས་ ༡༤ པའི་རྙིང་མའི་ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་དང་། དེ་ནས་སྐབས་ ༡༥ པར་སྤྱི་འཐུས་ཚོགས་གཞོན་དང་། སྐབས་ ༡༦ པར་སྤྱི་འཐུས་ཚོགས་གཙོར་འོས་འདེམས་གྱི་ལས་འཁུར་ཞུས་ཤིང་། ད་ཐེངས་སླར་ཡང་ཚོགས་གཙོའི་ལས་འཁུར་ཞུས་པ་འདི་ནི་ཁོང་གི་ལོས་རྒྱུ་ནང་ཚོགས་གཙོ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག

སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནི། མཐོ་སློབ་ཐོན་པའི་རྗེས། མི་ལོ་ ༢༦ རིང་དགེ་རྒན་གྱི་འགན་ཁུར་ཞུས་ཏེ་ཕྱི་ལོ་ ༢༠༠༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ནས་ལོ་ངོ་༢༥ རིང་མ་འོངས་བོད་ཀྱི་སོན་རྩའི་ཤེས་ཡོན་ཐོག་ཞབས་ཞུ་བསྒྲུབས་པའི་གཟེངས་སྟོད་ཀྱི་བྱ་དགའ་ཐོབ་ཅིང་། དེ་ནས་༢༠༠༡ ལོར་ཨ་རི་བོད་མིའི་སློབ་ཡོན་ཐོག་ཨ་རིར་ཕེབས་སྟེ་ལོ་གཅིག་རིང་སློབ་གཉེར་གནང་འདུག་པ་དང་། དེ་ནས་བོད་མི་མང་སྤྱི་འཐུས་སྐབས་བཅུ་གསུམ་པ་དང་བཅུ་བཞི། སྐབས་བཅོ་ལྔ་པ་དང་བཅུ་དྲུག་པ་བཅས་ཀྱི་སྤྱི་འཐུས་ཀྱི་ལས་འཁུར་ཞུས་འདུག་པ་མ་ཟད། ད་རེས་ཁོ་མོ་སྤྱི་འཐུས་ཚོགས་གཞོན་དུ་འོས་འདེམས་བྱུང་བ་འདི་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལོ་རྒྱུས་ནང་བུད་མེད་སྤྱི་འཐུས་ཚོགས་གཞོན་གཉིས་པ་དང་ཆགས་ཀྱི་ཡོད་པ་དང་། བུད་མེད་སྤྱི་འཐུས་ཚོགས་གཞོན་ཐོག་མ་དེ་བཀའ་ཟུར་རྒྱ་རི་སྒྲོལ་མ་ཡིན་འདུག།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།