འགྲོ་བ་མིའི་ཐོབ་ཐང་དང་མཉམ་གསེར་རྟ་ཆོས་སྒར་གླེང་དགོས།

2017-01-23
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ། ༢༠༡༦།༡༢
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་གཏོར་བཤིག་གཏོང་བཞིན་པ། ༢༠༡༦།༡༢
བོད་འབྱོར།

བོད་རང་བཙན་ཆེད་སློབ་ཕྲུག་ཚོཊ་པས་ཡོ་རོབ་ཀྱིས་རྒྱ་ནག་དང་མཉམ་བོད་ཀྱི་ཆོས་དད་རང་དབང་གླེང་དགོས་བའི་འབོད་སྐུལ་གནང་འདུག
བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པས་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་གནད་དོན་གྱི་སྐུ་ཚབ་ལྕམ་Mogherini་མཆོག་ལ་རྒྱ་ནག་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་ནང་སྐབས་གསེར་རྟ་བླ་རུང་ཆོས་སྒར་གྱི་གནད་དོན་གླེང་དགོས་བ་དྲ་རྒྱ་བརྒྱུད་ཞུ་སྙན་འབུལ་རྒྱུའི་ལས་འགུལ་ཞིག་སྤེལ་བཞིན་འདུག
ལས་འགུལ་དེའི་འགོ་བརྗོད་དུ་ལྕམ་Federica.Mogherini་བླ་རུང་ཆོས་སྒར་ཆེད་ལས་དོན་སྤེལ་དགོས་ཞེས་འཁོད་འདུག བོད་རང་བཙན་སློབ་ཕྲུག་ཚོགས་པས་ངོ་དེབ་བརྒྱུད་གནས་ཚུལ་སྤེལ་དོན་ལྟར་ན། ཟླ་བ་འདིའི་ཟླ་མཇུག་ཙམ་ལ་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་གནང་སྐབས་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་གནད་དོན་ཐད་ཀྱི་སྐུ་ཚབ་ལྕམ་Mogherini་མཆོག་ལ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲ་ཤག་གཏོར་བཤིག་དང་གྲ་བཙུན་བརྒྱ་ཕྲག་མང་པོ་ཕྱིར་ཕུད་བཏང་དང་གཏོང་བཞིན་པ། བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པ་ཁག་འཕྲལ་དུ་མཚམས་འཇོག་དགོས་སྐོར་སོགས་རྒྱ་ནག་གི་སྐུ་ཚབ་ལྷན་དུ་ཐད་ཀར་གླེང་དགོས་པའི་འབོད་སྐུལ་ནན་པོ་ཞུས་འདུག
ཡང་རྒྱ་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་ཛ་དྲག་གི་གནད་དོན་ལ་གཞི་བཞག་ནས་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ནས་ཕྱི་ལོ་༢༠༡༦་ལོའི་ཕྱི་ཟླ་༡༢་པའི་ཚེས་༡༥་ཉིན་གྲོས་ཆོད་གཏན་འབེབས་གནང་བ་ཁག་གི་ཐོག་ཡོངས་གྲགས་གཏམ་བཤད་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
གོང་ཞུས་སྙན་ཞུའི་ནང་འཁོད་པའི་ནང་དོན་གཙོ་བོ་ཁག་ནི་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། དེ་སྔོན་བཙན་ཤེད་སྒོ་ནས་ཕྱིར་འབུད་བཏང་བའི་གྲ་བཙུན་རྣམས་བླ་རུང་སྒར་ལ་ཕྱིར་ལོག་ཆོག་པའི་ཆོག་མཆན་སྤྲོད་དགོས་བ། བླ་རུང་སྒར་གྱི་འཛིན་སྐྱོང་ཕལ་ཆེ་བ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིས་བྱ་རྒྱུའི་ཐག་གཅོད་ལ་འགྱུར་བ་བཏང་སྟེ་དེའི་ཚབ་ལ་བླ་རུང་སྒར་གྱི་སེར་མོ་བ་རྣམས་ལ་འཛིན་སྐྱོང་དབང་ཆ་སྤྲོད་དགོས་པ། བོད་ཀྱི་དགོན་སྡེ་ཁག་ནང་གསང་བའི་ཉུལ་ཞིབ་བྱས་ཏེ་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་ཁག་མཚམས་འཇོག་བྱས་ཏེ་གྲ་བཙུན་རྣམས་ལ་འགུལ་བསྐྱོད་ཐོབ་ཐང་ཕུལ་དགོས། བོད་མི་རྣམས་ཀྱི་ཆོས་ཕྱོགས་ཀྱི་དུས་ཆེན་ཁག་བར་ཆད་མེད་པར་སྲུང་བརྩི་ཞུ་འཇུག་དགོས་པ། བླ་རུང་སྒར་ནས་ཕྱིར་འབུད་བཏང་བ་རྣམས་ལ་གུན་གསབ་དང་། སྡོད་གནས་ཁང་པ་ཕུལ་དགོས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་བོད་ནང་ཕེབས་རྒྱུའི་དུས་ཚེས་གཏན་འབེབས་ལ་མོས་མཐུན་གནང་དགོས་པ་དང་ཁོང་ལ་དམ་བསྒྲགས་མེད་པར་བོད་ཀྱི་ས་ཁུལ་ཚང་མར་ཕེབས་བསྐྱོད་ཆོག་པ་འགན་ལེན་དགོས་སྐོར་གོང་ཞུས་དྲ་རྒྱ་བརྒྱུད་ནས་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་སྐུ་ཚབ་ལྕམ་Mogherini་མཆོག་ལ་ཕུལ་བའི་སྙན་ཞུའི་ནང་བཀོད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།