ལྕམ་ཚའི་ཨིན་ཝན་ལ་སླར་ཡང་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་འདུག

ཐའེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལས་ཐོག་སྲིད་འཛིན་ལྕམ་ཚའི་ཨིན་ཝན་ལ་སླར་ཡང་མང་མོས་རྒྱལ་ཁ་ཐོབ་འདུག ཐའེ་ཝན་དབུས་འོས་བསྡུ་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་དོན་ནང་། དེའང་ཚའི་ཨིན་ཝན་ལ་འོས་གྲངས་བརྒྱ་ཆ་༥༧ཚག་༢ ཐོབ་པ་དང་། ཧན་གོ་ཡུས་ལ་འོས་གྲངས་བརྒྱ་ཆ་༣༨དང་ཚག་ ༦ ཐོབ་ཡོད་པ་རེད། ཐེངས་འདིར་འོས་ཤོག་འཕེན་མཁན་མི་ས་ཡ་བཅུ་དགུ་དང་གསུམ་འབུམ་ཆིག་ཁྲི་ཡོད་པ་དང་། སྐྱེས་པ་བརྒྱ་ཆ་༤༩དང་བེུད་བརྒྱ་ཆ་༥༡ཟིན་ཡོད་པ་རེད། ཐེངས་འདིར་སྲིད་འཛིན་ཚའི་ཨིན་ཝན་ལ་སླར་ཡང་སྲིད་འཛིན་གྱི་རྒྱལ་ཁབ་ཐོབ་པ་དེའི་སྐོར་ལ་ཕྱི་ཕྱོགས་ནས་སྔོན་དཔག་བྱས་པ་བཞིན་སླར་ཡང་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་དེ་ནི་ཨ་རི་དང་རྒྱ་ནག་གཉིས་པོ་མུ་མཐུད་དེ་བཙན་བདག་འཕྲོག་རེས་ཀྱི་བྱེད་པ་དང་བསྟུན་ད་ལྟའི་ཆར་མཚོ་འགག་གཉིས་པོའི་འབྲེལ་བ་ཞི་འཇམ་དུ་འགྲོ་མི་སྲིད་ཅིང་། ཚའི་ཨིན་ཝན་གཞུང་གིས་གྱིས་མ་འོངས་སུ་མུ་མཐུད་དེ་ཨ་རིར་དགའ་ཉེ་བྱེད་པའི་འཐབ་ཇུས་བཟུང་སྟེ་ཐོན་ལས་དང་། ལག་རྩལ། དམག་དོན་གྱི་ཁྱབ་ཁོངས་སུ་ཨ་རི་དང་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ་རྒྱ་ནག་སྐམ་ས་དང་་ཁ་གཏད་ལངས་བའི་མནའ་འབྲེལ་གྱི་འཐབ་ཕྱོགས་བཟུང་རྒྱུ་ཡིན་ཞིང་། ཚའེ་ཨིན་ཝན་གྱིས་རྒྱ་ནག་གཅིག་ཟེར་བའི་དགུ་གཉིས་ཀྱི་ཐོུང་འདུ་ཤེས་ཟེར་བ་ཁས་ལེན་བྱེད་ཀྱི་མེད་པ་རེད། འདས་པའི་ལོ་གསུམ་དང་ཕྱེད་ཀའི་ནང་ཐའེ་ཝན་དུ་སྲིད་འཛིན་ཚའི་ཨིན་ཝན་གྱིས་འགོ་ཁྲིད་པའི་འོག་ཨ་རི་དང་འབྲེལ་བ་སྔར་ལས་ལྷག་པའི་ཇེ་ཟབ་དུ་ཕྱིན་པ་དང་དེར་བརྟེན་ད་རེས་ཐའེ་ཝན་གྱི་སྲིད་འཛིན་གྱི་འོས་འདེམས་དེ་ནི་ཨ་རི་དང་རྒྱ་ནག་གི་གཉིས་པོའི་ཚབ་བྱེད་མཁན་བར་གྱི་འཐབ་རྩོད་ཅིག་ཡིན་པ་དང་ད་རེས་སླར་ཡང་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་དེ་ཡང་ཨ་རིར་དགའ་ཉེ་བྱེད་པའི་འཐབ་ཇུས་ལ་རྒྱལ་ཁ་ཐོབ་པ་ཡིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་དང་དབྱེ་ཞིབ་བྱས་དོན་མཉམ་འབྲེལ་སྔ་དྲོའི་ཚགས་པར་ཐོག་བཀོད་ཡོད་པ་རེད། ཡང་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་ཚའི་ཨིན་ཝན་གྱིས་མཚོ་འགག་གཉིས་བར་གྱི་བཟང་ཕྱོགས་ཀྱི་འགྱུར་བགྲོས་བྱེད་རྒྱུའི་ཐད། ཡིག་འབྲུ་བརྒྱད་ཀྱིས་མཚོན་པར་བྱས་ཡོད་པ་ནི། ཞི་བདེ། འདྲ་མཉམ། དམངས་གཙོ། གྲོས་མོལ་བཅས་ཀྱི་འདོད་ཚུལ་བཟུང་རྒྱུ་ཡིན་པའི་གསལ་སྟོན་གནང་ཡོད་པ་རེད། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཚའི་ཨིན་ཝན་ལ་ལས་ཐོག་གཉིས་པའི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཐའེ་ཝན་གྱི་གྲོས་ཚོགས་སུ་གྲོས་ཚོགས་ཚོགས་མི་༡༡༣་ཡོད་པ་དེ་ལ་ཡང་བསྐྱར་འདེམས་ཡོང་རྒྱུ་ཡིན་པ་རེད། གཞན་ཡང་ཚའི་ཨིན་ཝན་ལ་རྒྱལ་ཁ་ཐོབ་པ་དང་བསྟུན་གོ་མིང་ཏང་གི་སྲིད་འཛིན་འོས་མི་ཧན་གོའོ་མིང་གིས་ཀྱང་འོས་འདེམས་ལ་ཕམ་ཉེས་ཕྱིན་པའི་ངོས་ལེན་ཁྱབ་བསྒྲགས་ཀྱང་བྱས་ཡོད་པ་རེད། དེ་རིང་ཐའེ་ཝན་གྱི་སྲིད་འཛིན་འོས་འདེམས་མཇུག་བསྒྲིལ་བ་བསྟུན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་དང་། གྲོས་ཚོགས་གོང་མའི་ཚོགས་མི་བོབ་་མེ་ནེན་ཌེ་ཡིས་འོས་འདེམས་ཀྱི་མཇུག་འབྲས་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ངས་ཚའི་ཨིན་ཝན་སླར་ཡང་སྲིད་འཛིན་ལ་འོས་འདེམས་བྱུང་བར་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་དང་། ཐའེ་ཝན་གྱི་གསོན་ཤུགས་ལྡན་པའི་དམངས་གཙོའི་ལམ་ལུགས་དེ་བཞིན་ཐའེ་ཝན་མི་མང་གི་རེ་འདོད་དེར་གུས་བཏུད་ཞུ་རྒྱུ། དེ་ཡང་འཛམ་གླིང་ཡོངས་ཀྱི་སྨྲ་བརྗོད་རང་དབང་འདུ་ཚོགས་རང་དབང་། ཁྲིམས་ཀྱིས་བཅོས་སྐྱོང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་མཁན་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཞིག་རེད། ངས་སྲིད་འཛིན་ཚའི་ཨིན་ཝན་དང་མཉམ་ལས་ལ་རེ་སྒུག་བྱེད་བཞིན་ཡོད་ཅེས་སོགས་གསལ་ཡོད་པ་རེད།