བཀྲ་ཤིས་དབང་ཕྱུག་ལཊ་སུ་རྒྱ་ནག་གིས་དྲང་བདེན་གྱི་ཐག་གཅོད་བྱས་མེད་པའི་སྐྱོན་བརྗོད།
2019.01.29
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གི་བཙོན་འཇུག་དོ་དམ་འོག་ཡོད་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་མཁན་བཀྲིས་དབང་ཕྱུག་ལགས་སུ་རྒྱ་ནག་གཞུང་གིས་དྲང་བདེན་གྱི་ཁྲིམས་ཐག་བཅད་བྱས་མེད་པ་དང་། རྒྱ་ནག་གི་ཁྲིམས་མཐུན་ལམ་ལུགས་དེ་ཡང་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པ་ཞིག་པའི་སྐྱོན་བརྗོད་བྱས་འདུག
རྡ་རམ་ས་ལར་གཏེན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་། རྒྱ་ནག་གཞུང་གིས་མ་ཉེས་ཁ་གཡོག་འོག་ནས་བཙོན་འཇུག་བྱས་སྟེ་ད་ཆ་ལོ་ངོ་ལོ་གསུམ་འགྲོ་བཞིན་པའི་བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་མུ་མཐུད་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ནག་ཉེས་བཙུགས་པ་ཁག་ལ་ངོས་ལེན་གནང་གི་མེད་པ་དང་། ཁྲིམས་ཁང་གོང་མར་ཞུ་གཏུགས་ཀྱི་གྲོས་བསྡུར་ཆེད་ཉེ་དུས་ཕྱི་ཟླ་དང་པོའི་ཚེས་༡༥་ཉིན་བཀྲིས་དབང་ཕྲུག་ལགས་ཀྱི་ཁྲིམས་རྩོད་པ་(Lin Qilei)ཡིས་ཟི་ལིང་གི་(DongChuang)བཙོན་ཁང་དུ་བཀྲིས་དབང་ཕྲུག་ལགས་ཐུགས་འཕྲད་བྱེད་པར་འགྲོ་སྐབས་བཙོན་ཁང་གི་ཕྱིར་ཚོུད་མང་པོ་སྒུག་བཅུག་པའི་མཐར་བཙོན་ཁང་དོ་དམ་པས་བཀྲིས་དབང་ཕྱུག་ལགས་ཀྱི་གནད་དོན་དེ་རྣོ་ངར་ཅན་ཞིག་ཡིན་པ་བརྗོད་དེ་མཚོ་སྔོན་ཞིང་ཆེན་གྱི་ཆབ་སྲིད་དང་ཁྲིམས་མཐུན་ལྷན་ཁང་ནས་བཀའ་ཁྲོལ་ཞུ་དགོས་ཀྱི་རེད་ཅེས་བཤད་ནས་བཀྲིས་དབང་ཕྱུག་ལགས་ཐུགས་འཕྲད་བྱེད་དུ་བཅུག་མེད་པའི་སྐོར་གསལ་ཡོད་པ་རེད། རྒྱ་ནག་རྒྱལ་ཁབ་ཁྲིམས་ཀྱི་ནང་ནག་ཉེས་ཕོག་པའི་མིས་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་གསལ་ཡོད་ནའང་དོན་དངོས་སུ་རྒྱ་ནག་གིས་ནག་ཅན་ལ་ཁྲིམས་གཅོད་བྱེད་པའི་ལམ་ལུགས་ལ་སྐྱོན་ཆ་ཆེན་པོ་ཡོད་པ་མ་ཟད། རྒྱ་ནག་རྒྱལ་ཁབ་དང་ དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོའི་ཆབ་སྲིད་དང་ལྟ་བ་ལངས་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་དེ་ལམ་ལུགས་གཞིར་བཟུང་ལག་བསྟར་བྱེད་ཀྱི་མེད་པ་གསལ་སྟོན་བྱས་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་ནང་ཁྲིམས་ཀྱི་དབང་བསྒྱུར་དང་། རང་དབང་གི་ཐོག་ནས་ཁྲིམས་གཅོད་བྱེད་རྒྱུའི་གནས་སྟངས་ཧ་ཅང་སྐྱོ་པོ་ཡོད་སྟབས་བཀྲིས་དབང་ཕྱུག་ལགས་སུ་ཁྲིམས་རྩོད་པ་ཡོད་ན་ཡང་། དྲང་བདེན་གྱི་ཁྲིམས་གཅོད་ཡོང་བའི་རེ་བ་དེ་ཙམ་མེད་ཅིང་། འོན་ཀྱང་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཟིན་པའི་བཀྲིས་དབང་ཕྱུག་ལགས་ཀྱི་གྱོད་གཞི་དེར་རྒྱ་ནག་གིས་དྲང་བདེན་གྱི་ཐག་གཅོད་ཞིག་བྱས་པ་ཡིན་ན་རྒྱལ་སྤྱིུའི་སྟེང་རྒྱ་ནག་གི་དཔོན་རིགས་ཚོས་ཁྲིམས་ལ་རྩིས་བཀུར་བྱེད་ཀྱི་ཡོད་པའི་རྣམ་འགྱུར་བཏོན་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད་པ་བརྗོད་འདུག
གསར་འགོད་པ་དབྱངས་སྒྲོན།