རྒྱ་ནག་གཞུང་གིས་རྔ་པ་ནས་འཛིན་བཟུང་བྱས་བའི་བོད་མི་བཞིའི་གནས་སྟངས་ཁ་གསལ་བཟོ་དགོས་པ་འགྲོ་བ་མའི་ཐོབ་ཐང་ཚོགས་པས་འབོད་སྐུལ་ཞུས་འདུག

2024.10.24
རྒྱ་ནག་གཞུང་གིས་རྔ་པ་ནས་འཛིན་བཟུང་བྱས་བའི་བོད་མི་བཞིའི་གནས་སྟངས་ཁ་གསལ་བཟོ་དགོས་པ་འགྲོ་བ་མའི་ཐོབ་ཐང་ཚོགས་པས་འབོད་སྐུལ་ཞུས་འདུག རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་ནས་འཛིན་བཟུང་བྱས་བའི་བོད་མི་བཞིའི་གནས་སྟངས་ཁ་གསལ་བཟོ་དགོས་བ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འབོད་སྐུལ་ཞུས་པ།
TCHRD

དེ་ཡང་རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་ནས་ཁྲིམས་འགལ་གྱིས་འཛིན་བཟུང་དང་དོ་དམ་བཀག་ཉར་བྱས་པའི་བོད་མི་བཞིའི་གནས་སྟངས་ཁ་གསལ་འཕྲལ་དུ་ཕྱིར་བསྒྲགས་བྱེད་དགོས་པ་དང་། བོད་ནང་བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འབོད་སྐུལ་ཞུས་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ཀྱིས། དེང་སྐབས་རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་ཕྱོགས་སུ་དམ་དྲག་ཤུགས་ཆེ་རུ་བཏང་བ་དང་། དགོན་སྡེ་ཁག་ནང་གི་སློབ་གྲྭ་ཁག་སྒོ་རྒྱབ་པ། མི་སྣ་གང་བྱུང་འཛིན་བཟུང་བྱས་བ་སོགས་ཀྱི་གནས་ཚུལ་ཡོང་བཞིན་པས་ན། གོང་གི་བོད་མི་བཞི་བོ་དེ་དག་འཛིན་བཟུང་བྱེད་དགོས་བའི་རྒྱུ་མཚན་དང་ཉེས་ཆད་ག་རེ་བཅད་ཡོད་མེད་སོགས་ཁ་གསལ་མེད་དུས་ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་བོད་མི་དེ་བཞི་བོའི་གནས་སྟངས་ཁ་གསལ་འཕྲལ་དུ་ཕྱིར་བསྒྲགས་བྱེད་དགོས་པ་དང་། བོད་ནང་བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས་པ་ཛ་དྲག་འབོད་སྐུལ་ཞུ་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ཟླ་༡༠ ཚེས་༢༤ ཉིན་གནས་ཚུལ་སྤེལ་བའི་ནང་། འདི་ལོའི་ཕྱི་ཟླ་དགུ་པའི་ཟླ་འགོར་རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་གྲྭ་བློ་བཟང་བསམ་གཏན་ལགས་དང་། བློ་བཟང་འཕྲིན་ལས་ལགས་གཉིས། དེ་བཞིན་ཚེ་རིང་བཀྲ་ཤིས་ལགས་དང་དབང་སྐྱིད་ལགས་བཅས་མི་བཞི་འཛིན་བཟུང་བྱས་པ་ནས་བཟུང་། ཁོང་ཚོ་ད་བར་གང་དུ་ཡོད་མེད་དང་ཉེས་པ་ག་རེ་བཀལ་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཕྱི་བསྒྲགས་བྱས་མེད་པ་ཐེར་འདོན་བྱས་འདུག
དགུང་ལོ་༥༣ ལ་སོན་པའི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བསམ་གཏན་ལགས་ནི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གཅིག་སྒྲིལ་རྫོང་གི་ཁང་གསར་གྲོང་སྡེ་ནས་ཡིན་ཞིང་། ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་སྟེ་ད་ལྟ་དགེ་བཤེས་བཀའ་རམས་པའི་འཛིན་གྲྭར་ཞུགས་ཡོད་པ་དང་། ཁོང་ནི་རྔ་པ་ཀིརྟི་དགོན་པའི་གྲྭ་ཚང་གི་དབུ་མཛད་ཆུང་བ་ཡང་གནང་ཡོད་པ་དང་། སྐུ་ཚེ་ཧྲིལ་པོར་དགོན་པའི་སློབ་གཉེར་ལ་དོ་དབྱིངས་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་པ་མ་ཟད། དེ་སྔོན་ཕྱི་ལོ་༢༠༡༡ ལོར་བློ་བཟང་བསམ་གཏན་ལགས་གཙོས་པའི་དགེ་འདུན་པ་གཞན་༣༠༠་ཙམ་རྒྱ་གཞུང་གིས་རྔ་པ་ནས་བཀག་ཉར་བྱས་ཏེ་བཙོན་འཇུག་བྱས་མྱོང་ཡོད་འདུག
དེ་བཞིན་དགུང་ལོ་༤༠ ཙམ་ཕེབས་པའི་དགེ་འདུན་པ་བློ་བཟང་འཕྲིན་ལས་སམ་བྲན་པོ་ལགས་ནི། རྔ་པ་རྫོང་རོང་ཁང་གསར་གྲོང་བརྡལ་ནས་ཡིན་ཞིང་། ཁོང་ཀིརྟི་དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནང་མཉམ་ཞུགས་གནང་གི་ཡོད་ལ། ལྷག་པར་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་གོ་སྒྲིག་གནང་རྒྱུའི་ཐད་གལ་ཆེའི་འགན་ཁུར་བཞེས་མཁན་ཞིག་ཡིན་འདུག
རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་གཞན་གཉིས་ནི་དགུང་ལོ་༤༣ ལ་སོན་པའི་དབང་སྐྱིད་ལགས་དང་། ལོ་༤༡ ལ་སོན་པའི་ཚེ་རིང་བཀྲ་ཤིས་ལགས་ཡིན་ཞིང་། ཁོང་གཉིས་ནི་རྔ་པ་རྫོང་རོང་ཁང་གསར་གྲོང་རྡལ་གྱི་ཧ་རི་ཚང་གི་སྤུན་མཆེད་བརྒྱད་ཀྱི་ནང་ནས་གཅིག་ཡིན་པ་མ་ཟད། དབང་སྐྱིད་ལགས་དང་བསོད་ནམས་ཚེ་རིང་ལགས་རྣམ་གཉིས་བཟའ་ཚང་ཡིན་ཞིང་། ཁོང་གཉིས་ལ་བུ་ཕྲུག་བུ་མོ་བཞི་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། ཉེ་བའི་ཆར་ཧ་རི་ཚང་གི་ནང་མི་ཚོས་རྒྱ་གར་ནང་དུ་འབྲེལ་བ་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་ཀྱང་། ད་བར་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད་པ་མ་ཟད། ཟླ་ཤས་སྔོན་རྔ་པ་ས་ཁུལ་ནང་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་དང་། ལྷག་པར་དུ་ཀིརྟི་དགོན་དང་ཉེ་འཁོར་གྱི་གྲོང་སྡེ་ཁག་ལ་བཀག་སྡོམ་ཤུགས་ཆེར་བྱས་ཡོད་ལ། བོད་མི་རྣམས་རྒྱུ་མཚན་མེད་པར་འཛིན་བཟུང་དང་གསང་བའི་ཐོག་ནས་ཁྲིམས་ཐག་གཅོད་པའི་གནས་ཚུལ་ཧ་ཅང་མང་དུ་འགྲོ་བཞིན་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བསྟི་གནས་ཁང་ལ་འགྲེལ་བརྗོད་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་ད་དུང་རྒྱ་གཞུང་གིས་ས་གནས་བོད་མི་རྣམས་ལ་འཇིགས་སྐུལ་དམ་དྲག་བྱས་པའི་རྐྱེན་གྱིས་གནས་ཚུལ་ཕྱི་ལ་གྱར་རྒྱུ་ཁག་ཏུ་འགྲོ་བཞིན་ཡོད་ལ། ཐ་ན་བཙོན་གྲོལ་ཐོབ་ཀྱང་ཁོང་ཚོར་ཉེས་འཛུགས་གང་བྱས་པ་དང་ས་གནས་གང་དུ་བཀག་ཉར་བྱས་པའི་སྐོར་སོགས་ཕྱི་ལ་གཤོད་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་པར་བརྟེན། སྤྱི་ཚོགས་ནང་བདེན་དོན་མངོན་གསལ་ཡོང་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད་པ་བརྗོད་འདུག
གནས་ཚུལ་དེ་ནི་འདི་ལོའི་ཕྱི་ཟླ་༧ པའི་ནང་རྒྱ་ནག་གཞུང་གིས་ནང་པའི་དགོན་སྡེ་གཉིས་སྒོ་བརྒྱབ་ཏེ་ཕལ་ཆེར་དགེ་འདུན་པ་གསར་ཞུགས་བྱེད་མཁན་༡༦༠༠ ཙམ་གཞུང་གི་བཅའ་སྡོད་སློབ་གྲྭར་བཙན་ཤེད་ཀྱིས་བཏང་པའི་རྗེས་སུ་བྱུང་བ་ཞིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། བྱ་སྤྱོད་འདི་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་རྒྱ་ནག་གི་བཙན་དབང་འོག་ཚུད་རྒྱུ་དང་རྒྱ་ནག་གི་རིག་གཞུང་ནང་བོད་པ་ཚོ་བཙན་སྒྱུར་བྱ་རྒྱུའི་དམིགས་ཡུལ་ལྡན་པའི་ལས་འགུལ་ཆེན་པོ་ཞིག་གི་ཆ་ཤས་རེད་ཅེས་སྐྱོན་བརྗོད་བྱས་འདུག


གསར་འགོད་པ། མཁའ་འགྲོ་གཡང་འཛོམས། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎