བདམས་ཐོན་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱི་སྐོར།
བདམས་ཐོན་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་འབད་བརྩོན་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་བྱུང་།
ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ནས་སྐབས་༡༦་པའི་བཀའ་ཤག་གི་བཀའ་བློན་འོས་མི་ནས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་མང་མོས་རྒྱབ་སྐྱོར་གྱི་བདམས་ཐོན་བཀའ་བློན་བེུད་གསུམ་བྱུང་བ་ནི་ནོར་འཛིན་སྒྲོལ་མ་ལགས་དང་། རྒྱ་རི་སྒྲོལ་མ་ལགས། ཐར་ལམ་སྒྲོལ་མ་ལགས་བཅས་ཡིན་པ་དང་། བདམས་ཐོན་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲིའི་སྐབས། ཁོང་གིས། ད་ལན་གོ་སྐབས་གནང་བ་དེ་དམ་འཛིན་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་གཞིར་བཟུང་། བོད་ཕྲུག་ཚོའི་ཤེས་ཡོན་གྱི་ཐོག་ལྷག་བསམ་རྣམ་དག་གིས་འབད་བརྩོན་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུང་གནང་བྱུང་། ཁོང་གིས་འདས་པའི་ལས་དོན་ཉམས་མྱོང་ལ་གཞིགས་པས། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་གྱི་ལས་འཁུར་ཞུ་རྒྱུ་ཡིན་དུས་བཀའ་ཤག་གོང་མའི་ཤེས་རིག་ལྷན་ཁང་གི་ལས་འཆར་ཁག་ལ་རྒྱུས་ལོན་དང་འབྲེལ་ལེགས་སྤེལ་ཉེས་འགོག་གིས་གནས་དུས་དང་འཚམས་པའི་ལས་དོན་འཆར་གཞི་སྒྲིག་ཏེ་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར། བོད་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་བཏང་ནས་བོད་མི་ཚད་ལྡན་དང་མི་བཟང་པོ་ཡོང་རྒྱུར་སྔར་མུས་བཞིན་འབད་བརྩོན་བྱ་རྒྱུ་ཡིན་པ་གསུང་བྱུང་།
ད་དུང་ཁོང་གིས། བོད་ཕྲུག་ཚོས་ལྷག་བསམ་དང་སེམས་ཤུགས་སྙིང་སྟོབས་ལྡན་པའི་ཐོག་ནས་འབད་བརྩོན་བྱས་པ་ཡིན་ན་མི་རིགས་གཞན་དང་མཚུངས་པར་ནུས་པ་དང་འཇོན་ཐང་ཡོད་པ་དང་། འདས་པའི་མི་ལོ་ངོ་༣༧་རིང་ཤེས་ཡོན་ཐོག་ཞབས་ཞུ་བསྒྲུབ་རིང་སློབ་ཕྲུག་གི་ཕ་མ་ཚོས་གང་ཐུབ་རྒྱབ་སྐྱོར་གནང་བ་ལ་ཡིད་རངས་བསྔགས་བརྗོད་གནང་ཞིང་། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་ཁོང་གི་སློབ་མ་ཚོར་འཚམས་འདྲི་གནང་བ་དང་སྦྲགས་སློབ་ཕྲུག་ཚོས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གི་མི་བཟང་པོ་ཞིག་བྱ་དགོས་པའི་ལམ་སྟོན་གནང་གི་འདུག
བདམས་ཐོན་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ནི། རྒྱ་གར་མའེ་སོར་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཕྱི་ལོ་༡༩༧༥་ལོར་དཔལ་འབྱོར་རིག་པའི་གཙུག་ལག་རབ་འབྱམས་པ་ (M.A)ཐོན། མའེ་སོར་(St. Joseph)་ཞེས་པའི་མཐོ་སློབ་ནས་དགེ་རྒན་འོས་སྦྱོང་(B.Ed.)་ལེགས་ཐོན་བྱུང་རྗེས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་ཐོག་མར་དམའ་རིམ་དང་། དེ་ནས་མཐོ་རིམ་དགེ་རྒན་དང་དེ་བཞིན་སློབ་སྤྱིའི་ཐུགས་འགན་བཞེས་པ་བཅས་ཁྱོན་ཁོང་ནས་འདས་པས་མི་ལོ་༣༧་རིང་བཙན་བྱོལ་བོད་མིའི་སློབ་གྲ་ཁག་གི་ནང་ཤེས་ཡོན་ཐོག་ཞབས་ཞུ་སྒྲུབ་ཡོད་པ་རེད་འདུག་ལ་ཁོང་ནས་ཕྱི་ལོ་༢༠༡༡་ནས་བཟུང་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལས་འཁུར་ཞུ་མུས་ཡིན་པ་མ་ཟད་། སྦེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་འགན་འཁུར་གནང་མུས་ཡིན་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།