༸གོང་ས་མཆོག་གིས་ར་ཇི་སི་ཐན་དུ་བོད་མིར་བཀའ་སློབ།

༧གོང་ས་མཆོག་གིས་ཕྱི་ཟླ་གཉིས་པའི་ཚེས་༡༠ཉིན་ར་ཇི་སི་ཐན་ཁུལ་་མི་མང་རྣམས་ལ་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་ཡོད་འདུག

2011-02-11
Share

༄༅༎བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་གཉིས་པའི་ཚེས་༡༠ཉིན་ར་ཇི་སི་ཐན་བོད་མི་སུད་ཚོང་བ་རྣམས་དང་ཧིན་བོད་མཛའ་འབྲེལ་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ་དེར་ཡོད་མི་མང་རྣམས་ལ་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་ཡོད་ཅིང་ ༧གོང་ས་མཆོག་ནས་ང་ཚོ་བོད་མི་རྣམས་བཙན་བྱོལ་བ་ཆགས་ཏེ་ད་ཆ་མི་ལོ་༥༢ཙམ་འགྲོ་གི་ཡོད་པ་དང་ང་ཚོ་བཙན་བྱོལ་བ་ཆགས་དགོས་དོན་སོ་སོའི་ལུང་པའི་ནང་ཁྲིམས་འགལ་གྱི་ལས་ཀ་བྱས་པ་དང་ཡང་ན་རང་འབྱུང་གོད་ཆག་ཕོག་པ་དེ་འདྲ་གང་ཡང་མིན་ ང་ཚོ་བཙན་བྱོལ་བ་ཆགས་པ་དེ་བོད་ནང་དཔོན་པོ་གསར་པ་ཞིག་སླེབས་ཏེ་ང་ཚོར་བཀའ་བཏང་ནས་བོད་མི་ཚོ་འུ་ཐུག་སྟེ་མཐར་ཕྱི་ལོ་༡༩༥༩ལོར་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད་ འདས་པའི་ལོ་ངོ་དེའི་ནང་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་ཚོས་སེམས་ཤུགས་མ་ཆག་པར་གནས་ཡོད་ཅིང་དེ་ལྟར་གནས་ཡོད་པ་ཕྱི་ལོ་༢༠༠༨ལོར་བོད་ས་ཡོངས་སུ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པའི་ཐོག་ནས་མཚོན་ཐུབ་ཀྱི་ཡོད་པ་དང་ ང་ཚོས་རང་དབང་ལུང་པའི་ནང་གཞིས་ལུས་རྒྱ་ཆེའི་མི་མང་ཚོའི་ཚབ་བྱས་ཏེ་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བཀའ་སྩལ་གནང་ཡོད་པ་དང་ ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ བཙན་བྱོལ་བོད་མིའི་འཚོ་རྟེན་གཙོ་བོ་སོ་ནམ་ཞིང་ལས་ཆགས་ཡོང་ཀྱང་དེས་མ་འདང་པར་བརྟེན་ནས་སུད་ཚོང་རྒྱག་དགོས་པའི་གནས་སྟངས་ཆགས་ཡོད་པ་དང་ རྒྱ་གར་གྱི་ས་གནས་འབྲེལ་ཡོད་ཚོས་ཚོས་བོད་མི་རྣམས་ལ་མཐུན་འགྱུར་གནང་རྒྱུའི་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་བ་དང་ཕྱོགས་མཚུངས་ བོད་མི་གཞོན་སྐྱེས་རྣམས་ནས་སྤྱིར་སློབ་སྦྱོང་དང་ཡང་སྒོས་ནང་ཆོས་སློབ་གཉེར་བྱེད་རྒྱུར་འབད་བརྩོན་གང་ཐུབ་བྱེད་དགོས་པའི་བཀའ་སློབ་གནང་བ་དང་འབྲེལ་ང་ཚོ་རང་བཙན་ཤོར་དགོས་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་དེང་དུས་ཀྱི་ཤེས་ཡོན་མ་འདང་བའི་རྐྱེན་ལས་བྱུང་བ་ཞིག་ཡིན་པ་དང་ ཤེས་ཡོན་སྦྱོང་རྒྱུར་འཐུས་ཤོར་ནམ་ཡང་གཏོང་རྒྱུ་མེད་པ་མ་ཟད་ཕ་མ་ཚོས་ཀྱང་ག་ཚོད་ཐུབ་ཐུབ་ཀྱིས་རང་གི་ཕྲུ་གུ་ཚོར་ཤེས་ཡོན་སྤྲོད་དགོས་པའི་བླང་དོར་གྱི་བཀའ་སློབ་སྩལ་གནང་མཛད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།