བོད་མིའི་ངོ་རྒོལ་སྒེར་ལངས་ནི་རང་དབང་ལ་རྒྱབ་སྐྱོར་ཡིན་སྐོར།

༸གོང་ས་མཆོག་ནས་བོད་མིའི་ཞི་བའི་ངོ་རྒོལ་སྒེར་ལངས་ཁག་ནི་རང་དབང་ལ་རྒྱབ་སྐྱོར་ཡིན་པ་ལས་རྒྱ་ནག་མི་མང་ལ་འགོག་རྒོལ་མིན་གསུངས་འདུག

2008-07-20
Share

༄༅༎བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ངོས་ནས་རྒྱ་ནག་མི་མང་ལ་གུས་བརྩི་ཡོད་ བོད་མིའི་ཞི་བའི་ངོ་རྒོལ་སྒེར་ལངས་ཁག་ནི་རང་དབང་ལ་རྒྱབ་སྐྱོར་ཡིན་པ་ལས་ རྒྱ་ནག་མི་མང་ལ་འགོག་རྒོལ་ཞིག་མིན་སྐོར་བཀའ་སློབ་སྩལ་གནང་མཛད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༨ཉིན་ནས་བཟུང་ཨ་མི་རི་ཀའི་མངའ་སྡེ་ལྦི་སི་ཀོན་སིན་གྱི་གྲོང་ཁྱེར་མེ་ཌི་སེན་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་བཞིན་ཡོད་པ་དང་ཕྱི་ཚེས་༡༩གཟའ་སྤེན་པའི་ཉིན་མངའ་སྡེའི་སྤྱི་ཁྱབ་ ཇིམ་ཌོ་ཡེལ་ མཆོག་དང་སྨན་པ་ ཛོར་སྦ་པེསི་ཀྲོར་ རྣམ་གཉིས་ནས་༸གོང་ས་མཆོག་མེ་ཌི་སེན་གྲོང་ཁྱེར་ནང་ཆིབས་བསྒྱུར་ཐེངས་བདུན་པ་དེ་གནང་སྐོར་ ལྦེ་ཀྲི་རེན་སི་ མེ་མོ་རིཡེལ་ ཞེས་པའི་ཚོགས་ཁང་ཆེན་མོའི་ནང་ཆེད་བཅར་ཞུས་པའི་མི་མང་བདུན་སྟོང་ལྷག་ངོ་སྤྲོད་ཞུས་པའི་མཚམས་སུ་ ༸གོང་ས་མཆོག་ནས་མང་ཚོགས་ལ་བྱམས་དང་སྙིང་རྗེ་ ཞི་བདེ་ ཆིག་སྒྲིལ་སོགས་ཀྱི་སྐོར་བཀའ་སློབ་ཟབ་མོ་སྩལ་བའི་རྗེས་སུ་ནང་ཆོས་ཀྱི་བལྟ་གྲུབ་སྐོར་བཀའ་སྩལ་བ་དང་ དེ་རྗེས་ མང་ཚོགས་ནས་༸གོང་ས་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་སྩལ་སྟབས་ བོད་མིའི་ཆོས་དང་རིག་གཞུང་གིས་རྒྱ་མིའི་དབང་བསྒྱུར་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་བྱེད་ཐུབ་པའི་ད་དུང་ཡང་སྟོབས་ཤུགས་གདང་ངེས་བཞིན་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ ༸གོང་ས་མཆོག་གིས་བོད་མིའི་ངོས་ནས་རྒྱ་ནག་གཞུང་ལ་མ་ཡིན་པར་ རྒྱ་ནག་མི་མང་ལ་གུས་བརྩི་ཡོད་པ་དང་བོད་མིའི་ངོ་རྒོལ་སྒེར་ལངས་ཁག་ནི་རང་དབང་ལ་རྒྱབ་སྐྱོར་ཡིན་པ་ལས་ རྒྱ་ནག་མི་མང་ལ་འགོག་རྒོལ་མིན་སྐོར་གསལ་བཤད་གནང་སྐབས་ མང་ཚོགས་ནས་དགའ་བསུའི་ཐལ་མོ་ཤུགས་ཆེ་བརྡབ་འདུག ཡང་བཀའ་འདྲི་གཞན་ཞིག་ལ་༸གོང་ས་མཆོག་ནས་རྒྱ་མིའི་རིག་གཞུང་ལས་ བོད་ཀྱི་རིག་གཞུང་ཤུགས་ཆེ་བ་ཡོད་སྐོར་དང་རྒྱ་མི་འགའ་ཤས་ཀྱིས་ནུབ་ཕྱོགས་པའི་རྒྱུན་སྲོལ་བཞིན་སྐྲ་ལ་ཚོས་རྒྱབ་ཀྱི་ཡོད་ལུགས་ཞལ་ཞོག་གནང་ཡང་ རྒྱ་མིའི་ཁ་ལག་དང་ལས་ཀ་བྱེད་སྟངས་ལ་སོགས་ལ་བསྡགས་བརྗོད་གནང་འདུག གཟའ་སྤེན་པའི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་ཀྱིས་རི་དྭགས་ཚལ་ཞེས་པར་ཨ་སྒོར་ས་ཡ་དྲུག་ལྷག་འགྲོ་སོང་བཏང་གནང་སྟེ་གསར་བཞེངས་ཞུས་པའི་ནང་ཆོས་ལྟེ་གནས་ཁང་ལ་རབ་གནས་མཛད་ཡོད་པའི་གནས་ཚུལ་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།