ཡོ་རོབ་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་བཞག་གནང་ཡོད་པ།
ཡོ་རོབ་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་དང་མཉམ། ད་ལྟ་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དེ་ཛ་དྲག་དང་ཉེན་ཚབས་ཀྱི་རང་བཞིན་ཡིན་པ་ངོས་འཛིན་གནང་ཡོད་པའི་གྲོས་ཆོད་ལ་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་འདུག
དེ་ཡང་ཕྱི་ཚེས་ ༡༤ ཉིན་དོན་ཚན་བདུན་ཡོད་པའི་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གཏན་འཇགས་སློབ་གྲྭ་ཁག་འཛུགས་པ་དེ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། རིག་གཞུང་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་རྩ་མེད་བཟོ་ཐབས་ཤིག་ཡིན་པའི་སྐོར་གྲོས་ཆོད་དེའི་ནང་བཀོད་གནང་ཡོད་པ་རེད་འདུག དེ་བཞིན་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང་དེ་སྔོན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་པ་རྣམས་ཀྱིས་བོད་ནང་གི་གཏན་འཇགས་སློབ་གྲྭ་ཁག་གི་སྐོར་གནས་ཚུལ་ཐེར་འདོན་གནང་བ་བཞིན་བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་གཏན་འཇགས་སློབ་གྲྭ་འཛུགས་པ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་སྐོར་དང་། སྒེར་གཉེར་སློབ་གྲྭ་ཁག་འཛུགས་འཇུག་དགོས་པའི་སྐོར་གྲོས་ཆོད་དེའི་ནང་བཀོད་ཡོད་པ་རེད་འདུག ཡང་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང་བོད་ནང་བྱིས་པ་རྣམས་རྒྱ་བསྒྱུར་བྱེད་ཐབས་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་འགལ་ཡོད་པའི་སྐོར་དང་། གཏན་འཇགས་སློབ་གྲྭ་དེ་དག་འཛུགས་རྒྱུའི་ཐོག་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་མིའི་དཔོན་རིགས་ཁག་ལ་ཨ་མི་རི་ཀའི་གཞུང་གིས་ཝི་ས་མཐོང་མཆན་མི་སྤྲོད་རྒྱུའི་ཉེས་ཆད་བཀལ་བ་བཞིན་ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་དེ་ལྟར་ཕྱག་བསྟར་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་འདུག ཡོ་རོབ་གྲོས་ཚོགས་ཀྱི་བོད་ནང་གི་གཏན་འཇགས་སློབ་གྲྭ་ཁག་དང་འབྲེལ་བའི་གྲོས་ཆོད་དེར་གྲོས་ཚོགས་ཀྱི་འཐུས་མི་གྲངས་ ༤༧༧ ཡིས་རྒྱབ་སྐྱོར་དང་། འཐུས་མི་གྲངས་ ༡༤ ཡིས་དེར་ངོ་རྒོལ། གཞན་འཐུས་མི་གྲངས་ ༤༥ ཡིས་བར་བཞུགས་གནང་ཡོད་པ་རེད་འདུག། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྲིད་ཇུས་ཉམས་ཞིབ་འགན་འཛིན་ Vincent Metten ལགས་ཀྱིས། ད་ཐེངས་ཡོ་རོབ་གྲོས་ཚོགས་ནང་བོད་དོན་ཆེད་ཛ་དྲག་གི་གྲོས་ཆོད་བཞག་པ་དེས་ཡོ་རོབ་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་དུ་གཏན་འཇགས་སློབ་གྲའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེར་རྒྱལ་སྤྱིའི་སྟེང་དོ་སྣང་ཆེན་པ་ཡོད་པ་མཚོན་ཡོད་པ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག