རྒྱ་ནག་གི་སྟངས་འཛིན་འོག་ཧོང་ཀོང་ལས་བོད་ནང་གི་གནས་སྟངས་ཛ་དྲག་ཆེ་བ་ཡོད་ཟེར།

2021-01-19
Share
རྒྱ་ནག་གི་སྟངས་འཛིན་འོག་ཧོང་ཀོང་ལས་བོད་ནང་གི་གནས་སྟངས་ཛ་དྲག་ཆེ་བ་ཡོད་ཟེར། རྒྱ་ནག་གི་ཉེན་རྟོག་པས་ལྷ་སའི་ནང་བོད་མིའི་ངོ་སྤྲོད་ལག་འཁྱེར་ལ་ལྟ་ཞིབ་བྱེད་བཞིན་པ། ༢༠༠༨
Reuters

ཁ་སང་གི་བོད་ནི་དེ་རིང་གི་ཧོང་ཀོང་ཞེས་བརྗོད་སྲོལ་ཡོད་པ་ལྟར་རྒྱ་ནག་གི་སྟངས་འཛིན་འོག་ཧོང་ཀོང་ལས་བོད་ནང་གི་གནས་སྟངས་ཛ་དྲག་ཆེ་བ་ཡོད་པ་བོད་མི་ཞིག་གིས་འདི་གར་འགྲེལ་བརྗོད་གནང་བྱུང་།
ཧོང་ཀོང་ས་གནས་གཞུང་གིས་ཁུལ་དེའི་གཞུང་ཞབས་པ་ཡོངས་ཀྱིས་སྲིད་གཞུང་ལ་བློ་དཀར་བྱེད་རྒྱུའི་ཁས་ལེན་ཡི་གེར་མིང་རྟགས་བཀོད་བཅུག་ནས། ཁོ་ཚོའི་རང་དབང་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པ་རེད། ཡིན་ན་ཡང་བོད་ནང་གི་གནས་སྟངས་དེ་བས་ཛ་དྲག་ཆེ་བ་ཡོད་པ་དང་། ཁ་སང་གི་བོད་ནི་དེ་རིང་གི་ཧོང་ཀོང་ཞེས་བརྗོད་བཞིན་པ་ལྟར། རྒྱ་ནག་གཞུང་གིས་འདི་འདྲའི་སྲིད་ཇུས་བོད་ནང་སྤྱི་ལོ་༢༠༠༨ལོ་ནས་ལག་བསྟར་འགོ་འཛུགས་བྱས་ཚར་བ་རེད་ཅེས་གནས་སྟངས་ལ་རྒྱུས་མངའ་ཡོད་མཁན་མིང་འབོད་མ་བྱས་བའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ཁོང་གིས་བོད་ནང་རྒྱལ་ཁབ་ཀྱི་ལས་བྱེད་དང་། དགེ་རྒན། སྨན་པ་སོགས་ཚང་མ་ཐོག་མར་ལས་ཞུགས་བྱས་པའི་སྐབས་ནས་རྒྱ་ནག་དམར་ཤོག་ཚོགས་པར་བློ་དཀར་དགོས་པ་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པའི་ཆ་རྐྱེན་ཨང་དང་པོར་འཇོག་གི་ཡོད་པ་མ་ཟད། དངོས་སུ་ལས་ཞུགས་བྱས་པའི་རྗེས་ཉིན་ལྟར་ཆབ་སྲིད་སློབ་གསོའི་ཚོགས་འདུ་སྣ་ཚོགས་འདུས་པ་དང་ཆབས་གཅིག་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་བཅུག་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད།

ཉེ་ཆར་སྤྱི་ཚེས་༡༥ཉིན་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་གནས་གཞུང་གིས། ཁུལ་དེའི་གཞུང་ཞབས་ལས་བྱེད་ཁྲི་ཚོ་༡༨ལྷག་ཡོད་པ་རྣམས་ལ་སྤྱི་བསྒྲགས་ཤིག་སྤེལ་ཡོད་པའི་ནང་དུ། སྔར་ལོའི་སྤྱི་ཟླ་༧ཚེས་༡གི་གོང་དུ་ལས་ཞུགས་བྱས་པའི་ཧོང་ཀོང་གི་གཞུང་ཞབས་ལས་བྱེད་ཡོངས་ཀྱིས་ཧོང་ཀོང་གི་གཞི་རྩའི་བཅར་ཁྲིམས་ལ་བརྩི་སྲུང་དང་། ཧོང་ཀོང་དམིགས་གསལ་སྲིད་འཛིན་ས་ཁུལ་ལ་བློ་དཀར་སེམས་དཀར་བྱེད་ཀྱི་ཡིན་ཟེར་བའི་དམ་བཅའི་ཡིག་ཆར་མིང་རྟགས་འགོད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། ཁས་ལེན་མིང་རྟགས་དེ་བཞིན་གཟའ་འཁོར་བཞི་ཡི་ནང་ཚུན་འགོད་ཚར་བ་དགོས་ཀྱི་ཡོད་པ་རེད།
དེ་བཞིན་སྤྱིར་བསྒྲགས་དེའི་ཞར་བྱུང་ཡིག་ཆའི་ནང་། ཧོང་ཀོང་རང་བཙན་གྱི་འདོད་ཚུལ་བསྒྲགས་པའམ་དེ་ལ་རྒྱབ་སྐྱོར་བྱས་པ་དང་། ཕྱིའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་བཙལ་ནས་ཧོང་ཀོང་གི་ནང་སྲིད་ལ་ཐེ་ཇུས་བྱས་པ། དེ་མིན་གཞུང་ཞབས་པའི་མིང་ཐོག་ནས་སྲིད་གཞུང་གི་ལངས་ཕྱོགས་དང་བརྒལ་བའི་བསམ་ཚུལ་བརྗོད་པ་སོགས་ཀྱི་བྱ་སྤྱོད་ཡོངས་རྫོགས་གོང་ཞུས་ཁས་ལེན་ཡིག་ཆ་དེ་དང་རྒྱབ་འགལ་ཡིན་ལུགས་བཀོད་ཡོད་པ་རེད་ལ། གལ་ཏེ་གཞུང་ཞབས་ལས་བྱེད་རྣམས་ཀྱིས་ཁས་ལེན་ཡིག་ཆ་དེར་མིང་རྟགས་མ་འགོད་པའམ་ཡང་ན་དེའི་ནང་དོན་ལ་རྒྱབ་འགལ་བྱས་ཚེ། ས་གནས་གཞུང་གིས་གཏན་འབེབས་ལྟར་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ་ཡིན་ལུགས་བཀོད་འདུག
གཞན་ཡང་ཧོང་ཀོང་གི་གཞུང་ཞབས་ལས་བྱེད་དངོས་མ་ཡིན་པར་ལས་ཀའི་གན་གྱ་བཞག་ནས་གཞུང་གི་ལས་ཁུངས་ཁག་ནང་ལས་ཀ་བྱེད་མཁན་དག་ནས་ཀྱང་རིམ་པས་དེ་འབྲེལ་གྱི་ཡིག་ཆར་མིང་རྟགས་བཀོད་ལུགས་བསྒྲགས་ཡོད་པ་རེད།
སྤྱི་ཚེས་༡༩ཉིན་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་(Lin zheng yue’e)ཡིས་གསར་འགོད་ལྷན་ཚོགས་ཐོག་བརྗོད་དོན། གཞུང་ཞབས་ལས་བྱེད་རྣམས་ཧོང་ཀོང་སྲིད་གཞུང་ནང་ལས་ཞུགས་བྱེད་ཀྱི་ཡོད་དུས། ཧོང་ཀོང་གི་སྲིད་གཞུང་ལ་རྒྱབ་སྐྱོར་དང་། དེ་བཞིན་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དོན་འཁྱོལ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་ནི་ལུགས་དང་མཐུན་པ་ཞིག་རེད་ཅེས་དང་། ད་དུང་ཧོང་ཀོང་ནང་སྔ་ལོའི་སྤྱི་ཟླ་༧པའི་ཚེས་༡གཅིག་གི་རྗེས་སུ་གསར་ཏུ་ལས་ཞུགས་བྱེད་མཁན་གཞུང་ཞབས་ལས་བྱེད་དག་གིས་མིང་རྟགས་བཀོད་ཚར་ཡོད་ལུགས་བརྗོད་འདུག
གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས། ཧོང་ཀོང་ས་གནས་གཞུང་གིས་དམ་བཅའི་ཡིག་ཆ་ཟེར་བ་འདིའི་ནང་གཞུང་ཞབས་ལས་བྱེད་རྣམས་ལས་ཁུངས་ལ་ཡོད་པའི་སྐབས་དང་། ལས་ཁུངས་གྲོལ་ཚར་བའི་རྗེས་ཀྱི་མི་སེར་དཀྱུས་མའི་བར་གྱི་དབྱེ་མཚམས་གསལ་པོ་བཟོས་མེད་སྟབས། དེའི་ཐད་སྲིད་གཞུང་གིས་འཁྲབ་སྟོན་བྱེད་སའི་བར་སྟོང་ཆེན་པོ་ཡོད་པས། འདིས་ཧོང་ཀོང་གི་གཞུང་ཞབས་པ་རྣམས་ཀྱི་སྤྱི་ཚོགས་དྲ་ལམ་དུ་རང་དབང་ཐོག་བསམ་ཚུལ་སྤེལ་རྒྱུ་དང་། རང་དབང་གི་གསར་འགྱུར་བརྒྱུད་ལམ་གྱི་བཅར་འདྲིར་དང་ལེན་བྱེད་རྒྱུའི་མཚོན་རང་དབང་ཐོབ་ཐང་མང་པོ་ཞིག་ལ་དོ་ཕོག་ཐེབས་རྒྱུ་ཡིན་པའི་བློ་འཚབ་གནང་གི་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།