བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་ལས་འགུལ་བ་ཁག་ཅིག་འབུམ་ལ་འཕགས་བོད་ས་མཚམས་སུ་བསྐྱོད་འདུག

2022.11.23
Share on WhatsApp
Share on WhatsApp
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་ལས་འགུལ་བ་ཁག་ཅིག་འབུམ་ལ་འཕགས་བོད་ས་མཚམས་སུ་བསྐྱོད་འདུག རྟ་དབང་གནས་སྐོར་སྐོར་སྐྱོད་ཞེས་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་སྐབས། ༡༡།༢༡།༢༠༢༢
མཐུན་འགྱུར་པར་རིས།/RFA

དེ་ཡང་འདི་ཚེས་༢༡ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲུང་ཆེ། འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་(Pankaj Goyal)་ལགས། རྒྱ་གར་ལྡེ་ར་ལྡུན་ཧ་རི་དྷེ་ཝར་གྱི་ཆོས་དཔོན་(Swami Yatinand)་ལགས། གཞན་ལས་འགུལ་བ་ཁག་ཅིག་བཅས་ཨ་རུ་ནཱ་ཅལ་དང་བོད་ཀྱི་ས་མཚམས་འབུམ་ལར་ཆེད་བཅར་གྱིས། རྒྱ་གར་གྱི་མཐའ་སྲུང་དམག་དཔོན་གཙོས་ས་གནས་དཔོན་རིགས་རྣམས་ལ་ལོ་རྒྱུས་ཀྱི་ཐོག་ནས་ས་མཚམས་དེ་རྒྱ་གར་དང་བོད་ཀྱི་ས་མཚམས་ཡིན་པ་དང་། བོད་དེ་རྒྱ་དམར་གྱིས་བཙན་བཟུང་བྱས་པའི་རྗེས་ནས་ད་བར་ས་མཚམས་སུ་དཀའ་རྙོག་རབ་དང་རིམ་པ་འཕྲད་བཞིན་ཡོད་སྐོར་དང་། མ་འོངས་བར་བོད་རང་བཙན་བསྐྱར་གསོ་བྱུང་པའི་གནས་སྐབས་སུ་འཕགས་བོད་ས་མཚམས་དེ་བཞིན་ཞི་བདེ་རང་བཞིན་ལྡན་པའི་ས་མཚམས་ཞིག་ཆགས་ཀྱི་རེད་བཅས་སོགས་བཤད་རྒྱུའི་གོ་སྐབས་བྱུང་ཡོད་པ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་འགྲེལ་བརྗོད་གནང་བྱུང་།

3f6e1d82-9af5-4d8d-9518-ed162a547b3a.jpg
ཡང་ཉིན་རྒྱབ་རྟ་དབང་ཀཱ་ལ་དབང་པོའི་ཚོགས་ཁང་དུ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་གཙོས་རྒྱ་གར་རྒྱལ་ཡོངས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་སྤྱི་ཁྱབ་སློབ་སྟོན་པ་སྐུ་ཞབས་(Indresh Kumar)་ལགས་དང་། འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་(Pankaj Goyal)་ལགས། ཧ་རི་དྷེ་ཝར་གྱི་ཆོས་དཔོན་(Swami Yatinand)ལགས། ཨ་རུ་ནཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་གཞན་ལས་འགུལ་བ་རྣམས་ལྷན་འཛོམས་ཀྱིས་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་འདུག་པ་དང་། ཚོགས་འདུའི་ཐོག་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས། བོད་དང་མོན་ཡུལ་བར་ལོ་རྒྱུས་ཀྱི་ཐོག་ནས་ཆོས་དང་རིག་གཞུང་གི་འབྲེལ་བ་གཏིང་ཟབ་ཡོད་པ་དང་། ལྷག་པར་དུ་ཨ་རུ་ནཱ་ཅལ་གྱི་ཁྱིམ་མཚེས་རྒྱལ་ཁབ་དེ་བོད་ཡིན་པ་ལས་རྒྱ་ནག་མིན་སྐོར། ཨ་རུ་ནཱ་ཅལ་གྱི་ས་མཚམས་ཡང་བོད་ཡིན་པ་ལས་རྒྱ་ནག་དང་ས་མཚམས་མེད་སྐོར་གསུངས་ཡོད་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།

Tawang Tirth Yatra (2).jpg
རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་དེ་བཞིན་བོད་ཀྱི་ལྷོ་ཁུལ་གྱི་ས་ཁུལ་ཞིག་དང་རྒྱ་ནག་ལ་བདག་དབང་ཡོད་ལུགས་བརྗོད་བཞིན་ཡོད་པ་མ་ཟད། དེ་སྔོན་ཕྱི་ལོ་༢༠༡༧ལོའི་ཟླ་༤པའི་ནང་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་ས་ཆ་ཁག་༦གི་མིང་གསར་བཟོ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། དེའི་རྗེས་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༢ནང་སླར་ཡང་ཨ་རུ་ནཱ་ཅལ་ཁུལ་གྱི་ས་གནས་ཁག་༨དང་རི་བོ་༤ གཙང་པོ་༢ ལ་ཁ༡བཅས་ལ་མིང་འདོགས་བྱས་ཡོད་འདུག
ལས་འགུལ་འདི་ནི་རྟ་དབང་གནས་སྐོར་སྐོར་སྐྱོད་ཞེས་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་དེ་བཞིན་ཐོག་མར་འཕགས་བོད་འབྲེལ་མཐུད་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་༢༠༡༢ ལོར་འགོ་འཛུགས་གནང་འདུག་པ་དང་། འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་བཞིན་ཐོག་མར་ཕྱི་ལོ་༡༩༩༩ལོར་སྐུ་ཞབས་ཨིན་དི་རེཤ་ཀུམཱར་མཆོག་ནས་འགན་རྐང་བཞེས་པའི་ཐོག་གསར་བཙུགས་གནང་པ་ཞིག་དང་། ད་ལྟའི་ཆར་ཚོགས་པ་དེ་རྒྱ་གར་རྒྱལ་ཡོངས་ནང་གི་མངའ་སྡེ་ཕལ་ཆེ་བའི་ནང་ཡན་ལག་ཚོགས་པ་འཛུགས་ཡོད་འདུག སྤྱིར་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་དག་ཞིག་ཡོད་ན་ཡང་། འཕགས་བོད་འབྲེལ་མཐུད་ཚོགས་པ་དེ་བཞིན་སྲིད་དོན་ཚོགས་པ་དང་སྤྱི་ཚོགས་ཞབས་ཞུ་ཚོགས་པ་གཉིས་ལྡན་གྱི་ཚོགས་པ་ཞིག་ཡིན་པས། ད་བར་ཚོགས་པ་དེ་ཚགས་ཚུད་ངང་གནས་ཐུབ་པ་དང་གྲུབ་འབྲས་ཐོན་པའི་ལས་དོན་ཡང་མང་དག་ཞིག་སྤེལ་དང་སྤེལ་མུས་ཡིན་པ་རེད།

Tawang Tirth Yatra (3).jpg
རྒྱ་གར་རྒྱལ་ཡོངས་འཕགས་བོད་འབྲེལ་མཐུད་ཚོགས་པའི་སྣེ་ཁྲིད་འོག་ཟླ་བ་འདིའི་ཕྱི་ཚེས༡༨ ཉིན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཊི་(Guwahati)་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་རྟ་དབང་བར་གནས་མཇལ་སྐོར་བསྐྱོད་(Tawang Tirth Yatra)་ཞེས་པའི་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་ཐེངས་བཅུ་གཅིག་པ་དེ་འགོ་བཙུགས་ནས་ཚེས་༢༢བར་སྤེལ་ཡོད་པ་རེད།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎