ཨོསི་ཊརེ་ལི་ཡའི་ནང་བོད་མི་ཚོས་བོད་དོན་ཞུ་གཏུག་སྐབས་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་བྱུང་འདུག

2024.09.09
ཨོསི་ཊརེ་ལི་ཡའི་ནང་བོད་མི་ཚོས་བོད་དོན་ཞུ་གཏུག་སྐབས་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་བྱུང་འདུག ཨོསི་ཊརེ་ལི་ཡའི་ནང་བོད་མི་ཚོས་བོད་དོན་ཞུ་གཏུག་སྐབས་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་བྱུང་སྐབས། ༠༩།༠༩།༢༠༢༤
ATC

ཨོསི་ཊརེ་ལི་ཡའི་(Australia)་རྒྱལ་ས་(Canberra)་ནང་བོད་རིགས་ཚོགས་པ་དགུའི་སྐུ་ཚབ་རྣམས་མཉམ་འཛོམས་ཀྱིས་ཕྱི་ཟླ་༩ཚེས་༩དང་༡༠ཉིན་གཉིས་རིང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བའི་ཁྲོད་ཁོང་རྣམ་པ་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་(Penny Wong)་དང་མཇལ་འཕྲད་བྱུང་སྐབས་ཁོང་གིས་ཨོསི་ཊརེ་ལི་ཡ་གཞུང་ཞབས་ཚོའི་ཁྲོད་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་སྐོར་གྲོས་བསྡུར་གནང་བཞིན་ཡོད་ཅེས་གསུངས་འདུག

Tibet Lobby day by Australian Tibet advocates (1).JPG
ད་རེས་ཀྱི་བོད་དོན་ཞུ་གཏུག་གི་ལས་འགུལ་འདི་བཞིན་ཨོསི་ཊརེ་ལི་ཡའི་ས་གནས་ (Brisbane)་དང། (Blue Mountains) (Canberra) (Melbourne)་སོགས་ས་གནས་ཁག་དགུའི་ནང་ཡོད་པའི་བོད་རིགས་ཚོགས་པ་ཁག་ཡིན་པ་དང་། བོད་དོན་ཞུ་གཏུག་གི་ལས་འགུལ་དེའི་ཐོག་གོང་ཞུས་བོད་རིགས་ཚོགས་པ་ཁག་དགུ་ཡི་སྐུ་ཚབ་ཚོགས་མི་ཉི་ཤུ་ཐམ་པ་ཕེབས་ཡོད་ཅིང་། དེའི་ཁྲོད་ཀྱི་མི་གྲངས་༡༧ཙམ་གཞོན་སྐྱེས་དང་དྭང་བླངས་ཞུ་གཏུགས་ལས་འགུལ་བ་ཤ་སྟག་ཡིན་པ་དྭང་བླངས་ཞུ་གཏུག་ལས་འགུལ་འབྲེལ་མཐུད་པ་བསྟན་འཛིན་ནོར་འཛིན་ལགས་ཀྱིས་གསུངས་བྱུང་ལ། ཚོགས་པ་འདྲ་མིན་ནས་ཕེབས་པའི་སྐུ་ཚབ་ཚོགས་མི་ཁག་ཅིག་དང་། ལྷག་པར་དུ་ཨོསི་ཊརེ་ལི་ཡའི་ཕྱི་སྲིད་བློན་ཆེན་(Penny Wong)་དང་། ཡང་ཨོསི་ཊརེ་ལི་ཡའི་སྲིད་དོན་ཚོགས་པ་ཚང་མའི་གྲོས་ཚོགས་འཐུས་མི་རྣམས། ལྷག་པར་དུ་དེ་སྔོན་བོད་མི་དང་མཇལ་མྱོང་མེད་པ་དང་། ཨོསི་ཊརེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འབྲེལ་བ་གང་ཡང་མེད་མཁན་གྱི་གྲོས་ཚོགས་འཐུས་མི་༣༥ལྷག་ལ་མཇལ་འཕྲད་ཞུས་ཐུབ་ཡོད་འདུག

Tibet Lobby day by Australian Tibet advocates (2).jpg
ཡང་ཨོསི་ཊརེ་ལི་ཡའི་གྲོང་ཁྱེར་(Melbourne)་ནང་གནས་བཞུགས་གནང་མཁན་བུ་མོ་བསྟན་འཛིན་ནོར་འཛིན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཨོསི་ཊརེ་ལི་ཡའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Andrew Wallace)་ལགས་ཀྱིས་གྲོས་ཚོགས་ནང་བོད་དོན་སྐོར་གྱི་གྲོས་འཆར་ཞིག་བཏོན་གནང་ཡོད་ཅིང་། གྲོས་འཆར་དེའི་ནང་ཁོང་གིས་གལ་ཏེ། ང་ཚོར་མ་འོངས་པར་འཛམ་གླིང་ཞི་བདེ་དགོས་ཀྱི་ཡོད་པ་ཡིན་ན་བོད་རྒྱའི་རྩོད་རྙོག་སེལ་ཐབས་ལ་རྒྱབ་སྐྱོར་གནང་དགོས་ཀྱི་ཡོད་པ་རེད་ཅེས་དང་། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ལ་སྲུང་སྐྱོབ་ཞུ་རྒྱུ་དེ་ཡིན་པ་རེད་ཅེས་སོགས་གསལ་ཡོད་པ་དང་། གྲོས་འཆར་འདོན་སྐབས་བོད་དོན་ལ་རྒྱབ་སྐྱོར་གྱི་བཀའ་མོལ་ཤུགས་ཆེན་གནང་སོང་ཞེས་ཨོསི་ཊརེ་ལི་ཡའི་རྒྱལ་ཡོངས་བོད་རིགས་ཚོགས་པའི་ཚོགས་ཟུང་སྐལ་བཟང་ཚེ་རིང་ལགས་ཀྱིས་གསུངས་བྱུང་།

ཨོསི་ཊརེ་ལི་ཡའི་ནང་ལོ་ལྟར་བོད་དོན་ཞུ་གཏུགས་ལས་འགུལ་དེ་བཞིན་ས་གནས་བོད་རིགས་མཐུན་ཚོགས་ཁག་དང་། ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཁང་(Australia Tibet Council)་གཉིས་མཉམ་འབྲེལ་གྱི་ཐོག་ནས་གོ་སྒྲིག་གནང་གི་ཡོད་པ་དང་། ད་ལོའི་བོད་དོན་ཞུ་གཏུག་གི་རེ་འདུན་གཙོ་བོ་ཁག་ནི། ཨོསི་ཊརེ་ལི་ཡ་གཞུང་གི་ངོས་ནས་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མ་འོངས་བའི་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་མི་ཆོག་པའི་སྲིད་ཇུས་གཏན་འབེབ་གནང་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་འོག་བོད་ཕྲུག་ས་ཡ་གཅིག་ལྷག་བཙན་གྱིས་རང་གི་ཕ་མ་དང་ཁ་ཐགྷ་རིང་བའི་བཅའ་སྡོད་སློབ་གྲྭར་བཅུག་ཏེ་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་སྤེལ་བཞིན་པ་མཚམས་འཇོག་ཡོང་ཐབས་ཀྱི་གནོན་ཤུགས་སྤྲོད་དགོས་པ། དེ་བཞིན་རྒྱལ་སྤྱིའི་(Magnitsky)་རྩ་ཁྲིམས་ལྟར་བོད་མིའི་ཐོག་དྲག་གནོན་བྱེད་མཁན་རྒྱ་ནག་གི་དཔོན་རིགས་ཚོར་བཀག་སྡོམ་ཉེས་ཆད་གཅོད་དགོས་པ་སོགས་ཀྱི་རེ་སྐུལ་གནང་ཡོད་པ་རེད།
རྩ་བའི་ཆ་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་བཞིན་ཨ་མི་རི་ཀ་དང་། ཁེ་ན་ཌ། ཨོསི་ཊརེ་ལི་ཡ་སོགས་བོད་མི་གནས་ཚུལ་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་རྒྱུན་ཆད་མེད་པར་སྤེལ་དང་སྤེལ་གནང་བཞིན་ཡོད་པ་རེད།


གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
གཏོང་ལེན་སློབ་གྲྭའི་ཐོག་མའི་དམིགས་ཡུལ་ལྟར་དུ་པིང་ཀི་ལགས་ནས་ཀྱང་མ་འོངས་དབུལ་ཕོངས་ཀྱི་སྤྱི་ཚོགས་སུ་རོགས་རམ་ཞབས་འདེགས་ཞུ་རྒྱུའི་འདུན་པ་ཡོད་ཅེས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་སྟེ་སློབ་ཕྲུག་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎