རྒྱ་ནག་གཞུང་གིས་བོད་ཀྱི་མིང་བསྒྱུར་ཐབས་བྱེད་བཞིན་པའི་གཡོ་ཇུས་ལམ་ལྷོང་ཡོང་རྒྱུ་མིན་པ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་ཆེད་རྩོམ་སྤེལ་འདུག

2024.08.27
རྒྱ་ནག་གཞུང་གིས་བོད་ཀྱི་མིང་བསྒྱུར་ཐབས་བྱེད་བཞིན་པའི་གཡོ་ཇུས་ལམ་ལྷོང་ཡོང་རྒྱུ་མིན་པ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་ཆེད་རྩོམ་སྤེལ་འདུག རྒྱ་ནག་གི་ལས་བྱེད་ཞིག་གིས་པེ་ཅིང་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་འཐུས་མི་ཚོར་སྒུག་བཞིན་པ། ༠༣།༡༠།༢༠༢༤
AP

རྒྱ་ནག་གཞུང་གིས་བོད་ལ་ཡོངས་གྲགས་དབྱིན་སྐད་དུ་(Tibet)་ཞེས་འབོད་བཞིན་པའི་ཐ་སྙད་དེའི་ཚབ་ལ་རྒྱ་སྐད་ཀྱི་ཐ་སྙད་(Xizang)་ཞེས་པར་བསྒྱུར་ཐབས་བྱེད་བཞིན་པའི་གཡོ་ཇུས་ལམ་ལྷོང་ཡོང་གི་མ་རེད་ཅེས། ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་དཔྱད་རྩོམ་སྤེལ་བ་ཞིག་སྤྱི་ཚེས་༢༦ཉིན་རྒྱ་གར་གྱི་(The Tribune)་གསར་ཁང་གིས་སྤེལ་བ་དེར། རྒྱ་གར་ནང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་མ་(Yu Jing)་ཟེར་བས་སྐྱོན་བརྗོད་ལན་འདེབས་བྱས་འདུག

ཁོང་མོས་(X)་སྤྱི་ཚོགས་དྲྭ་ལམ་ཐོག་ཏཱ་ལའི་བླ་མ་དང་བོད་མི་ཚོས་(Xizang)་དང་སི་ཁྲོན། ཀན་སུའུ། མཚོ་སྔོན་སོགས་ལ་བོད་ཆེན་པོ་ཞེས་འབོད་ཀྱི་ཡོད་པ་རེད། དོན་ངོ་མའི་ཐོག་བོད་ཀྱི་ལོ་རྒྱུས་ནང་དེ་ལྟ་བུའི་བོད་ཆེན་པོ་ཞེས་པ་ཞིག་མེད་ལ། རྒྱ་ནག་གི་རྒྱལ་རབས་ནང་དུའང་ས་གནས་སྲིད་གཞུང་དེ་འདྲ་ཞིག་ཡོད་པ་མ་རེད། དེ་ནི་རྒྱ་ནག་ལ་མི་དགའ་མཁན་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་པ་ཚོས་རྒྱ་ནག་ཁ་འཐོར་གཏོང་བའི་བསམ་བློ་བཏང་ནས་རྫུན་བཟོ་བྱས་པ་ཁོ་ན་རེད་ཅེས་སྐྱོན་བརྗོད་བྱས་འདུག
ད་དུང་མགྲིན་ཚབ་མ་དེས་ཕྱི་ལོ་༡༩༧༧ལོར་མཉམ་འབྲེལ་རྒྱལ་ཚོགས་སྐབས་གསུམ་པའི་ས་མིང་ཚད་ལྡན་བཟོ་བའི་གྲོས་ཚོགས་ཐོག རྒྱ་ནག་གི་ཕིང་ཡིན་དེ་རྒྱ་ནག་གི་ས་མིང་ལ་རོ་མན་གྱི་མིང་བསྒྱུར་བའི་རྒྱལ་སྤྱིའི་ཚད་གཞིར་གཏན་འབེབས་བྱས་པ་ཞིག་རེད་ཅེས་དང་། ད་ལྟའི་ཆར་བོད་ནང་བོད་མི་ཚོ་ཞི་བདེ་ལྷིང་འཇགས་ངང་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་གནས་ཡོད་པ་དང་། ཕྱིའི་ནུས་པ་གང་འདྲ་ཞིག་གིས་ཀྱང་བོད་ནང་ཟང་ཟིང་དང་ཁ་བྲལ་གཏོང་ཐུབ་ཀྱི་མ་རེད་ཅེས་བཤད་འདུག
ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་དཔྱད་རྩོམ་སྤེལ་གནང་བ་དེའི་ནང་། ཉེ་བའི་ཆར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་བྱང་ཤར་ཨ་རུའུ་ན་ཅལ་མངའ་སྡེའི་ས་ཁུལ་༣༠ལ་ས་མིང་གསར་པ་བཏགས་ཏེ་བོད་ས་དབང་བསྒྱུར་གྱི་ས་ཁྱོན་རྒྱ་བསྐྱེད་གཏོང་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་པ་དང་འབྲེལ། རྒྱ་ནག་གཞུང་ནི་ནམ་ཀུན་ནས་མིའི་མིང་དང་སའི་མིང་སོགས་བརྗེ་བསྒྱུར་བྱས་པ་བརྒྱུད་ནས་སྐད་ཆ་བཤད་དབང་དང་གླེང་ཕྱོགས་ལ་འགྱུར་བ་གཏོང་ཐབས་བྱེད་བཞིན་ཡོད་པ་སོགས་ཆབ་སྲིད་ཀྱི་ཐབས་ཇུས་འཛིན་སྟངས་ཐད་རྒྱ་ནག་བྱང་ཆུབ་པ་ཞིག་ཡིན་ཞིང་། དེ་སྔ་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་པའི་རྗེས། བོད་ཀྱི་ས་ཆ་མང་པོ་ཞིག་གི་མིང་བརྗེ་བསྒྱུར་བྱས་ཡོད་ལ། ལྷག་པར་དུ་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་ལ་ཡོངས་གྲགས་དབྱིན་སྐད་དུ་(Tibet)་ཞེས་འབོད་བཞིན་པའི་ཐ་སྙད་དེའི་ཚབ་ལ་རྒྱ་སྐད་ཀྱི་ཐ་སྙད་(Xizang)་ཞེས་པར་བསྒྱུར་ཐབས་བྱེད་བཞིན་པའི་གཡོ་ཇུས་འཐེན་བཞིན་ཡོད་ཀྱང་། བོད་ཀྱི་ས་ཁོངས་དང་བོད་ཀྱི་ངོ་བོར་རྒྱ་ནག་གི་ལྟ་ཚུལ་དང་བོད་མིའི་ལྟ་ཚུལ་བར་ཁྱད་པར་ཆེན་པོ་ཡོད་པར་སོང་། རྒྱ་ནག་གིས་(Xizang)་ཞེས་འབོད་པའི་རྒྱ་སྐད་ཀྱི་ཐ་སྙད་དེ་ནི་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུ་ལ་གོ་བ་དང་། དེ་ལས་ལྡོག་སྟེ་(Tibet)་ཞེས་པ་དེ་ནི་བོད་ས་ཡོངས་ལ་གོ་གི་ཡོད་པ་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་རྒྱ་གར་གྱི་གསར་ཤོག་(The Tribune)་ནང་ཆེད་རྩོམ་ཞིག་སྤེལ་གནང་བའི་ནང་ནན་བརྗོད་གནང་བ་དང་ཆབས་ཅིག་ཁོང་གིས། རྒྱ་ནག་གི་གཡོ་ཇུས་དེ་ལམ་ལྷོང་ནམ་ཡང་ཡོང་རྒྱུ་མིན་པ་དང་། དེ་ལས་ལྡོག་སྟེ་བོད་མིའི་ངོ་བོ་དང་གཅིག་གྱུར་གྱི་འདུ་ཤེས་སྔར་ལས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་དགོངས་ཚུལ་གསུང་གནང་འདུག


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མི་རྣམས་བོད་ནང་བསྐྱོད་ཕྱོགས་ཐད་ལམ་སྟོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎