བོད་ནང་བདེ་སྐྱིད་ཡར་རྒྱས་ནི་ཁྱབ་བསྒྲགས་ཙམ་ལས་དོན་དངོས་ཐོག་དམ་དྲག་ཇེ་ཆེ་རེད་ཟེར།

2021-06-17
Share
བོད་ནང་བདེ་སྐྱིད་ཡར་རྒྱས་ནི་ཁྱབ་བསྒྲགས་ཙམ་ལས་དོན་དངོས་ཐོག་དམ་དྲག་ཇེ་ཆེ་རེད་ཟེར། ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དང་རྒྱ་ནག་གི་ཉེན་རྟོག་པ། ༥།༢༠༢༡
བོད་འབྱོར།/RFA

རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་དང་བདེ་སྐྱིད་བསྐྲུན་ཡོད་ཅེས་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཀྱང་དོན་དངོས་ཐོག་དམ་དྲག་ཇེ་ཆེར་བཏང་དང་གཏོང་མུས་ཡིན་པ་བོད་ནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བྱུང་།
དེ་ཡང་རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་དམར་ཤོག་གི་ལྟ་བའི་སློབ་གསོ་དང་དྲིལ་བསྒྲགས་ཤུགས་ཆེར་སྤེལ་བཞིན་པའི་ཁྲོད། ཉེ་ལམ་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ཟེར་བའི་ནང་གནས་ཚུལ་སྤེལ་བའི་ནང་། ལོ་ངོ་༧༠་ཡི་རིང་ལྷ་སའི་གྲོང་ཁྱེར་ཁུལ་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གཟེངས་སུ་ཐོན་ཚུལ་གྱི་ཁྱབ་བསྒྲགས་བྱས་འདུག འོན་ཀྱང་། བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་དང་བདེ་སྐྱིད་བསྐྲུན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་ཙམ་མ་གཏོགས་དོན་དངོས་ཐོག་དམ་དྲག་ཇེ་ཆེར་གཏོང་བཞིན་ཡོད་པ་མ་ཟད། ལྷ་ས་ཁུལ་དུ་ཉེན་རྟོག་པ་དང་དམག་མིའི་གྲངས་འབོར་ཇེ་མང་དུ་བཏང་དང་གཏོང་མུས་ཡིན་པའི་ཁྲོད། མི་དམངས་སྟབས་བདེ་ཉེན་རྟོག་ཁང་ཟེར་བ་ཆེ་ཆུང་འདྲ་མིན་༡༥༠་ཙམ་བཙུགས་ཟིན་ཡོད་པ་དེ་དག་གིས་ཉིན་ལྟར་བོད་མི་ཚོར་ལྟ་སྲུང་ནན་པོ་བྱེད་ཀྱི་ཡོད་པས། ལྷ་སའི་ཁུལ་དུ་དོན་དངོས་ཀྱི་ཞི་ལྷོད་དང་བདེ་སྐྱིད་ཡོད་མེད་དེ་ནས་ཧ་གོ་ཐུབ་ཅེས་འགྲེལ་བརྗོད་གནང་སོང་།
ཡང་ལྷ་སར་གནས་སྡོད་བོད་མི་གཞན་ཞིག་གིས་འགྲེལ་བརྗོད་གནང་ན། ད་ལྟའི་ཆར་ལྷ་ས་གྲོང་ཁྱེར་གཅིག་པུའི་ནང་རྒྱ་མི་དང་བོད་རིགས་གཉིས་ཀ་ཚུད་པའི་མི་འབོར་འབུམ་ལྔ་ལྷག་ཙམ་ཡོད་ཅིང་། གནས་མཇལ་བྱེད་ཡུལ་གྱི་ས་ཁུལ་ཁག་ཕུད་པའི་དེ་མིན་ཚོང་ཁང་དང་ཟ་ཁང་། གཞུང་གི་ལས་ཁུངས་སོགས་ཀྱི་ནང་རྒྱ་མི་ལས་ཀ་བྱེད་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། གྲོང་ཁྱེར་ནང་ཁང་པ་གསར་རྒྱབ་ཟིན་པ་དེ་དག་གི་བཟོ་བཀོད་ཆ་ཚང་རྒྱ་མིའི་ཁང་པ་དང་གཅིག་མཚུངས་ཆགས་ཡོད་པ་དང་། ལྷག་པར་དུ་ཉེ་བའི་ཆར་ལྷ་སའི་གྲོང་ཁྱེར་ནང་དུ་ཉེན་རྟོག་པ་དང་དམག་མི་འབོར་ཆེན་འགྲེམས་འཇོག་གིས། དམར་ཤོག་གི་ལྟ་བའི་སློབ་གསོ་དང་དྲིལ་བསྒྲགས་རིགས་ཤུགས་ཆེར་སྤེལ་བཞིན་ཡོད་པ་སོགས་མདོར་ན་ལྷ་ས་དེ་བཞིན་རྒྱ་ནག་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་ཞིག་ལ་སྐྲུན་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སློབ་གྲྭ་ཁག་ནང་དམར་ཤོག་གི་ལྟ་བའི་སློབ་གསོ་དང་ལོ་རྒྱུས་སོགས་ལ་སློབ་སྦྱོང་བྱེད་བཅུག་གི་ཡོད་པ་དང་། ཉེ་བའི་ཆར་གནས་ཚུལ་གསར་ཤོག་ཤིག་ནི་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་ལྟ་བུའི་ནང་བོད་ཡིག་གཙོ་བོ་ཡིན་པའི་སློབ་གྲྭ་ཁག་སྒོ་རྒྱབ་བཅུག་བཞིན་པའི་གནས་ཚུལ་ཡང་ཐོན་ཡོད་ཅིང་། ཉེ་ལམ་རྒྱ་གཞུང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་སའི་ཁུལ་དུ་ད་ཆ་སློབ་གྲྭ་སྣ་ཚོགས་༣༧༠་ཙམ་ཡོད་འདུག་ཅིང་། གོང་ཞུས་ལྷ་སར་གནས་སྡོད་བོད་མི་གཉིས་པ་ཁོང་གིས། ལྷ་ས་གྲོང་ཁྱེར་ཁུལ་གྱི་སློབ་ཆུང་དང་། སློབ་འབྲིང་ཆ་ཚང་གི་ནང་བོད་ཡིག་སློབ་ཚན་ཡོད་པ་ཙམ་མ་གཏོགས། གཞན་སློབ་ཚན་ཁག་སྟེ་ཨང་རྩིས་དང་། ཚན་རིག སྤྱི་ཚོགས་རིག་གནས། དེ་བཞིན་ལོ་རྒྱུས་སོགས་སློབ་ཚན་གཞན་ཆ་ཚང་རྒྱ་ཡིག་ནང་སློབ་ཁྲིད་གནང་གི་ཡོད་པ་རེད་འདུག
གོང་ཞུས་གནས་ཚུལ་ཐད་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་ནག་དང་བོད་ཀྱི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་འབུམ་རམས་པ་བསྟན་འཛིན་ཚུལ་ཁྲིམས་ལགས་ཀྱིས། རྒྱ་ནག་གཞུང་གིས་ད་བར་བོད་ནང་དུ་ཡར་རྒྱས་བཏང་ཡོད་ཟེར་བ་དེ་དོན་དངོས་ཐོག་བོད་མི་དམངས་ཀྱི་ཆེད་དུ་མིན་པར་རྒྱ་ནག་མི་དམངས་དང་རྒྱ་གཞུང་རང་ཉིད་ཀྱི་སྲིད་བྱུས་ཀྱི་དགོས་དབང་ཆེད་དུ་ཡར་རྒྱས་བཏང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཉེ་ལམ་རྒྱ་ནག་གཞུང་གི་བོད་དོན་དང་འབྲེལ་བའི་དམིགས་གསལ་ཚོགས་འདུ་ཞིག་གི་ཐོག་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་གཞོན་པ་(Jiang Jie)་ཡིས། བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་རྣམས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་དྲིལ་བསྒྲགས་བྱེད་རྒྱུ་ནི། ཕྱི་རྒྱལ་ནས་བོད་དང་འབྲེལ་བའི་དཀྲོག་གཏམ་སྤེལ་མཁན་རྣམས་ལ་དགག་ལན་མཚོན་བྱེད་དུ་ཡིན་པ་བརྗོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།