མདོ་སྨད་རྒན་གྱ་ཕྱོགས་ཀྱི་བོད་མི་ཁ་ཤས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

2021-10-14
Share
མདོ་སྨད་རྒན་གྱ་ཕྱོགས་ཀྱི་བོད་མི་ཁ་ཤས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག བསང་ཆུ་རྫོང་རྒན་གྱ་རྩྭ་ཐང་། ༢༠༠༦
Palden Gyal/RFA

རྒྱ་ནག་གི་ཕྱུགས་ཟོག་ཚོད་འཛིན་གྱི་བཀོད་ཁྱབ་ལ་འདོད་མོས་མེད་པའི་སྐད་ཆ་བཤད་རྐྱེན་མདོ་སྨད་རྒན་གྱ་ཕྱོགས་ཀྱི་བོད་མི་ཁ་ཤས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
ཕྱི་ཟླ་༡༠་བའི་ཚེས་འགོ་ཙམ་ནས་རྒྱ་ནག་གཞུང་གིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བསང་ཆུ་རྫོང་རྒན་གྱའི་རྩེ་དབུས་གྲོང་ཚོའི་ནང་། རྩྭ་ས་སྲུང་སྐྱོབ་ཀྱི་ལས་གཞིའི་འོག་འབྲོག་པ་ཚོར་ཕྱུགས་ཟོག་ལ་ཚོད་འཛིན་དགོས་པའི་བཀོད་ཁྱབ་བཏང་བར་བརྟེན། འབྲོག་པ་ཚོས་དེར་འདོད་མོས་མེད་པའི་སྐད་ཆ་བཤད་རྐྱེན། ས་གནས་ཡུལ་མི་༥་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་ངོ་སྤྲོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས། གནས་ཚུལ་དེ་བྱུང་ནས་ཉིན་ཤས་འགྲོ་བཞིན་ཡོད་པ་དང་། ད་ལྟའི་ཆར་འཛིན་བཟུང་བཀག་ཉར་བྱས་ཡོད་པ་ཁག་གི་མིང་དང་ཞིབ་ཕྲའི་གནས་ཚུལ་སོགས་བཤད་ན་སྟབས་བདེ་བོ་མེད་སྐོར་བརྗོད་བྱུང་ལ། དེའི་ཐད་བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས། གནད་དོན་དེ་ནི་འབྲོག་པ་རྩྭ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་དང་། ཐེངས་འདིར་རྩེ་དབུས་ཕྱོགས་ནས་ཕྱུགས་ཟོག་ཚོད་འཛིན་དེར་མི་རེར་སྒོ་ཕྱུག་སེམས་ཅན་༨་ནས་༡༠་རེའི་ཐོབ་སྐལ་ལས་མེད་པ་བཟོ་དགོས་སྐོར་བརྗོད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
སྤྱིར་དེ་སྔ་འབྲོག་པ་ཚོས་སྒོ་ཕྱུགས་སེམས་ཅན་ག་ཚོད་འཚོ་སྐྱོང་བྱས་ཀྱང་། ཚོད་འཛིན་སོགས་མེད་ན་ཡང་འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་རྩྭ་ས་སྲུང་སྐྱོབ་ཟེར་བའི་ལས་གཞི་ཞིག་ལག་བསྟར་གྱིས། བོད་ཁུལ་ཁྱོན་ཡོངས་སུ་འབྲོག་པའི་རྩྭ་ས་གཞུང་བཞེས་དང་སྒོ་ཕྱུགས་ཚོད་འཛིན་གྱི་ལས་གཞི་རིམ་པར་སྤེལ་ཡོད་པ་དང་། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་མིང་བརྗོད་འདོད་མེད་པའི་བོད་མི་དེས། ཐེངས་འདིར་ཕྱུགས་ཟོག་ཚོད་འཛིན་ནི་ཡུལ་དེའི་འབྲོག་པ་ཚོའི་འཚོ་གནས་གནད་དོན་ཆགས་ཀྱི་ཡོད་སྟབས། རྩེ་དབུས་སྡེ་བའི་སྡེ་མི་སྐོར་ཞིག་ནས་ལས་གཞི་དེར་འདོད་མོས་མེད་པའི་སྐད་ཆ་བཤད་རྐྱེན་འཛིན་གནས་ཚུལ་བྱུང་བ་ཡིན་སྐོར་བརྗོད་བྱུང་།
ཐེངས་འདིར་རྒྱ་ནག་གཞུང་གིས་ཡུལ་དེའི་སྒོ་ཕྱུགས་ཚོད་འཛིན་ཙམ་མ་ཡིན་པར། ཡུལ་སྡེ་དེ་ས་ཕྱོགས་གཞན་ལ་གནས་སྤོར་དགོས་པའི་གནས་ཚུལ་བྱུང་གི་ཡོད་པ་མ་ཟད། ཕྱུགས་ཟོག་ཚོད་འཛིན་གྱི་ལས་གཞི་དེ་རྩེ་དབུས་གྲོང་ཚོ་གཅིག་པུ་ཙམ་མ་ཡིན་པར། ད་ལྟའི་ཆར་རྒན་གྱ་དང་བསང་ཆུ་སོགས་ས་ཁུལ་དེའི་འབྲོག་སྡེ་མང་ཆེར་བར་སྤེལ་བཞིན་ཡོད་པ་དང་། བོད་གནས་ལྟ་ཞིབ་ཁང་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་རྩྭ་ས་སྲུང་སྐྱོབ་ཟེར་བ་ཞིག་བཤད་ནས་བོད་ཁུལ་གྱི་འབྲོག་པ་ཚོར་ཕྱུགས་ཉུང་རྩྭ་གསོ་ཟེར་བ་སོགས་ཀྱི་ལས་གཞི་སྤེལ་བཞིན་ཡོད་ཀྱང་། དོན་དངོས་སུ་ལས་གཞི་དེ་དག་གི་དམིགས་ཡུལ་ནི་བོད་ནང་གི་འབྲོག་པ་རྩ་མེད་བཟོ་ཐབས་ལས། རྩྭ་ཐང་དང་སྐྱེས་ཁམས་སྲུང་སྐྱོབ་ཀྱི་དམིགས་ཡུལ་གང་ཡང་མིན་སྐོར་བརྗོད་བྱུང་།
རྩེ་དབུས་ཡུལ་ཚོ་ནི་ལོ་རྒྱུས་ཁག་ཏུ་མདོ་སྨད་རྩེ་དབུས་ཚོ་གསུམ་ཞེས། ཡུལ་སྡེ་དེ་སྔོན་ཆད་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡུལ་དབུས་གཙང་ཕྱོགས་སུ། གཡུང་དྲུང་བོན་གྱི་བསྟན་པ་བསྣུབས་བཞིན་པའི་སྐབས་སུ་གཙང་མྱང་སྟོད་རྒྱང་རྩེ་ས་ཁུལ་གཙོའི་བོན་སྡེའི་དུད་ཁྱིམ་སྐོར་ཞིག་བྲོས་བྱོལ་ལ་ཡོང་སྟེ་གཞིས་ཆགས་པ་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཡུལ་སྡེ་དེ་བསང་ཆུ་རྫོང་ཁོ་ཚེ་དང་། རྒན་གྱ། རྨ་ཆུ་རྫོང་ཉིན་མ་གྲོང་རྡལ་བཅས་སུ་བཅད་བགོས་བྱས་ཏེ། ཁྱོན་རྩེ་དབུས་ཚོ་གསུམ་ལ་དུད་ཁྱིམ་གཉིས་བརྒྱ་ལྔ་བཅུ་ལྷག་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།