སྨར་ཁམས་ཕྱོགས་སུ་ས་ཆའི་བདག་དབང་གི་རྩོད་རྙོག་དང་འབྲེལ་རྒྱ་ནག་གི་ཉེན་རྟོག་པས་ཉུང་མཐར་བོད་མི་བཞི་འཛིན་བཟུང་བྱས་འདུག

རྒྱ་ནག་གིས་ཆ་བགོས་བྱས་བའི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཁོངས་སྨར་ཁམས་རྫོང་ཀླུ་ར་ཆུས་(洛尼乡)་ཕུར་པ་རུ་བ་རྟག་ཚ་ཁུལ་དུ། རྒྱ་ནག་གཞུང་གིས་ས་གནས་བོད་མིའི་ས་ཆ་བཙན་འཕྲོག་བྱས་པར་བརྟེན། ས་གནས་བོད་མི་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ནས་ཉུང་མཐར་བོད་མི་༤་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་འདུག
སྨར་ཁམས་རྫོང་ཀླུ་རྭ་ཆུས་རྟག་ཚ་ཁུལ་དུ་ས་གནས་དེར་ཡོད་བོད་མི་ཁྱིམ་ཚང་༢༥ཙམ་གྱི་སྤྱི་ལ་བདག་པའི་ཟོག་སེམས་ཅན་འཚོ་ས་དང་སྤྲོ་སྐྱིད་གཏོང་ས་སྤང་ཐང་ཁྱོན་ཆེན་པོ་ཞིག་ཡོད་པ་དང་། དེར་སྨར་ཁམས་རྫོང་གི་འབྲེལ་ཡོད་དཔོན་རིགས་ཚོས་༢༠༢༣ལོ་ནས་བཟུང་ཚོང་པ་ཁག་ཅིག་དང་ལག་འབྲེལ་བྱས་ནས་ས་ཆ་དེ་དག་ཕྱིར་ཚོང་བྱས་བ་དང་བཙན་འཕྲོག་བྱས་པ་མ་ཟད། ས་གནས་བོད་མི་རྣམས་ལ་གུན་གསབ་སོགས་གང་ཡང་སྤྲད་མེད་པ་བོད་ནས་སོ་སོའི་བདེ་འཇགས་ཆེད་མིང་འབོད་གནང་འདོད་མེད་པའི་གནས་ཚུལ་ཡོང་ཁུངས་ཁག་ཅིག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
སྤྱི་ལོ་༢༠༢༤ལོའི་སྤྱི་ཟླ་༤་ཚེས་༡༠་ཉིན་ས་གནས་མི་དམངས་ཀྱིས་ས་ཆ་ལ་གུན་གསབ་དགོས་པའི་འབོད་སྐུལ་བྱས་སྐབས། རྒྱ་ནག་གཞུང་གིས་ཉེན་རྟོག་པ་བཏང་ནས་གུན་གསབ་སྤྲོད་རྒྱུའི་ཚབ་ཏུ་འབོད་སྐུལ་ཞུ་མཁན་ཉུང་མཐར་བོད་མི་གཞོན་སྐྱེས་༤་འཛིན་བཟུང་བྱས་ཡོད་པ་སོགས་ཀྱི་སྐོར། བོད་ནས་གནས་ཚུལ་ངོ་སྤྲོད་པ་ཁག་གསུམ་ཙམ་གྱིས་བརྙན་ཐུང་དང་བཅས་་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་། སྤྱི་ཟླ་༤པའི་ཚེས་༡༠ཉིན་བྱུང་བའི་དོན་རྐྱེན་དེ་དང་འབྲེལ་བའི་བརྙན་ཐུང་ཁག་ནང་ས་གནས་ཡུལ་མི་ཕོ་མོ་རྒན་གཞོན་བར་གསུམ་གྱིས་རྒྱ་ནག་གི་ཉེན་རྟོག་པ་ཁག་ཅིག་ལ་བཙན་འཕྲོག་བྱས་པའི་ས་ཆ་དེའི་ཐད་རང་ལ་ཞུ་འབོད་བྱེད་ཀྱི་ཡོད་པ་དང་། ལོ་ན་རྒས་པའི་མ་རྒན་ཚོས་ལག་གཉིས་ཐལ་མོ་སྦྱར་བ་དང་སྤུས་མོ་ས་བཙུག་ནས་ངུ་འབོད་ཀྱིས་ཞུ་བ་འཐེན་པ་དང་སྦྲགས་ཡང་ལོ་ན་གཞོན་པ་ཁག་གཅིག་གིས་རྒྱ་གཞུང་ཉེན་རྟོག་པ་དང་ཕར་འཐེན་ཚུར་འཐེན་གྱིས་ཞུ་འབོད་དང་ཀིར་ཤག་བརྒྱབ་པ་སོགས་མཐོང་གི་འདུག རྗེས་སུ་ས་གནས་བོད་མི་ཚོར་གདོང་ཐུག་གི་གནས་ཚུལ་དེ་ཕྱིར་གྱར་བྱེད་མི་ཆོག་པ་དང་ངོ་རྒོལ་མཁན་འགའ་ཤས་ཤིག་ལ་ཉེན་རྟོག་པས་གཅར་རྡུང་བཏང་ཡོད་འདུག
གནས་ཚུལ་ལྟར་ན་བཙན་འཕྲོག་བྱས་པའི་ས་ཞིང་དེའི་ཐོག་ས་སྔོག་ནས་ཚོང་པ་ཚོས་འདེབས་ལས་ཅི་བྱ་རྩིས་ཡོད་མེད་གསལ་ཁ་མེད་པ་རེད་འདུག
གཞན་ཡང་ས་གནས་མི་དམངས་ལ་དཀའ་ངལ་དེ་ཡོང་རྐྱེན་གཙོ་བོ་གཞུང་གི་འགན་འཁུར་མི་སྣ་ཕ་ཡུལ་གོ་འཇོ་རྫོང་ནས་ཡིན་པའི་སྨར་ཁམས་རྫོང་གི་རྫོང་དཔོན་ཚེ་རིང་དོན་འགྲུབ་ཟེར་བ་ཁོང་རེད་འདུག ཁོང་ལ་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་དོགས་ཞིག་འོག་༢༠༢༣ལོའི་ལོ་འགོ་ནས་ཞིབ་འཇུག་བྱས་པ་དང་ལོ་དེའི་སྤྱི་ཟླ་༩པའི་ནང་ཁོང་དངོས་སུ་འཇུ་བཟུང་བྱས་པ་བོད་ནས་གནས་ཚུལ་ཡོང་ཁུངས་བརྒྱུད་ཤེས་རྟོགས་བྱུང་ཡོད།
གཞན་ཡང་ཉེ་ལམ་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པ་གཞིགས་ན། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གི་དཔོན་རིག་ཀའོ་ཝུན་གཡོད་ཀྱིས་དབང་ཆ་བེད་སྤྱོད་ལོག་པ་བཏང་ནས་ལྐོག་རྔན་བླངས་པའི་རྐྱེན་གྱིས་ཁོང་༢༠༢༣ལོའི་ཟླ་༨པར་རྒྱ་ནག་དམར་ཤོག་གི་སྐྱིད་སྡུག་དང་གཞུང་གི་ལས་ཀ་ནས་ཕྱིར་འབུད་བྱས་པ་དང་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་རྒྱག་རྒྱུར་རྩིས་སྤྲད་འདུག དེ་བཞིན་ཡང་སྨར་ཁམས་རྫོང་གི་ཅུས་ཀྲང་ཀྲུང་མིང་ལེའང་གིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་རྒྱལ་ཁབ་ཀྱི་མ་དངུལ་ཧམ་ཟ་བྱས་པ་དང་གཞན་གྱི་ལག་ནས་རྒྱུ་ནོར་འབོར་ཆེན་བླངས་པ་བཅས་ཀྱི་གནད་དོན་རྐྱེན་གྱིས་ཁོང་༢༠༢༣ལོའི་ཟླ་༧པར་དམར་ཤོག་གི་སྐྱིད་སྡུག་དང་གཞུང་གི་ལས་ཀ་ནས་ཕྱིར་འབུད་བྱས་པ་དང་། ༢༠༢༤ལོའི་ཟླ་དང་པོར་ལྐོག་ཟ་དང་ལྐོག་ངན་བླངས་པའི་ནག་ཉེས་བསགས་པའི་མིང་ཐོག་ནས་དུས་བཀག་བཙོན་འཇུག་ལོ་༥དང་ཟླ་༤བྱེད་རྒྱུའི་ཁྲིམས་ཐག་བཅད་པ་མ་ཟད། དངུལ་ཆད་སྒོར་ཁྲི་༣༠བཅད་པ་རེད་ཟེར། ཡང་ཆབ་མདོ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཚེ་དབང་བསོད་ནམས་གྱིས་གོ་གནས་སྟབས་བདེ་སྤྱད་ནས་ཁྲིམས་འགལ་གྱིས་ལག་རྟགས་དང་འབུལ་བརྟེན་དངུལ་སྨར་སྒོར་ཁྲི་༡༣༣བླངས་པ་བརྟེན་༢༠༢༢ལོེའི་ཟླ་༣པར་ལས་ཀ་ནས་ཕྱིར་འབུད་བྱས་པ་དང་དུས་བཀག་བཙོན་འཇུག་ལོ་༣དང་ཟླ་༣བྱེད་རྒྱུའི་ཁྲིམས་ཐག་བཅད་ཡོད་པའི་སྐོར་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པ་ནང་སྤྱི་ཟླ་༤པའི་ཚེས་༢ཉིན་གནས་ཚུལ་ཐོན་འདུག
གོང་ཞུས་མི་དམངས་ཀྱི་ས་ཆ་བཙན་འཕྲོག་མཁན་སྨར་ཁམས་རྫོང་གི་རྫོང་དཔོན་ཚེ་རིང་དོན་འགྲུབ་ཟེར་བ་ཁོང་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་དོགས་ཞིག་འོག་སྔར་ལོ་སྤྱི་ཟླ ༩པའི་ནང་མི་གཞན་ཁག་ཅིག་དང་འཇུ་བཟུང་བྱས་ཡོད་ཀྱང་ད་ལྟའི་ཆར་ཁོང་ལ་ཁྲིམས་ཐག་གཅོད་མིན་སོགས་གནས་ཚུལ་གསལ་ཁ་མེད་པ་རེད།
གོང་ཞུས་ས་ཆའི་རྩོད་རྙོག་དང་འབྲེལ་བའི་སྨར་ཁམས་རྫོང་ཁོངས་ཀྱི་གནད་དོན་ཐོག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྨར་ཁམས་རྫོང་དང་རྫོང་ཉེན་རྟོག་པ་བཅས་ལ་ཁ་པར་ཐེངས་མང་བཏང་ན་ཡང་ད་བར་ལན་འདེབས་བྱེད་མཁན་མ་བྱུང་།
ད་ལྟའི་ཆར་ས་གནས་སུ་དམ་དྲག་ཆེ་བའི་དབང་གིས་བོད་མི་ཚོའི་ཞུ་འབོད་རྗེས་ཀྱི་གནས་ཚུལ་དང་། འཛིན་བཟུང་བྱས་པའི་བོད་མི་རྣམས་ཀྱི་གནས་ཚུལ་ཞིབ་ཕྲ་ཁ་གསལ་ཤེས་རྟོགས་མེད་པར་ལྷག་ཡོད།
གསར་འགོད་པ། བློ་བཟང་ཆོས་འཕེལ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།