རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་སུ་གཟའ་འཁོར་རྗེས་མར་ཁྲིམས་བཤེར་བྱ་འཆར།
2017.12.30
༄༅། །རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་རྩོད་ལེན་མཁན་བཀྲ་ཤིས་དབང་ཕྱུག་ལགས་སུ་གཟའ་འཁོར་རྗེས་མར་ཁྲིམས་བཤེར་བྱ་འཆར་ཡོད་པ་དང་། གལ་ཏེ་ཁ་བྲལ་ངན་སྐུལ་རིང་ལུགས་པའི་ཉེས་མིང་ཕོག་ཚེ་ལོ ༡༥ ཡན་གྱི་ཁྲིམས་ཆད་གཅོད་སྲིད་པ་རེད་ཅེས་ཁོང་གི་ཁྲིམས་རྩོད་པས་འགྲེལ་བརྗོད་ཞུས་འདུག
དེ་ཡང་ཨ་རིའི་ནིའུ་ཡོག་དུསས་བབ་ཀྱི་གནས་ཚུལ་ལྟར་ན། ད་ལྟ་རང་ལོ ༣༢ ལ་སོན་པའི་བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གི་འཛིན་བཟུང་དང་བཀག་བྱས་ནས་ད་ལྟ་ལོ་གཉིས་ཙམ་ཕྱིན་ཡོད་ལ། ལོ་རྗེས་མའི་ཟླ་དང་པོའི་ཚེས་ ༤འི་ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་རྩོད་ལེན་མཁན་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་བཤེར་བྱ་འཆར་ཡོད་པ་དང་། གལ་ཏེ་བཀྲ་ཤིས་དབང་ཕྱུག་ལགས་ལ་ཁ་བྲལ་ངན་སྐུལ་རིང་ལུགས་པའི་ཉེས་མིང་ཕོག་ཚེ་ལོ ༡༥ ཡན་གྱི་ཁྲིམས་ཆད་གཅོད་སྲིད་པ་རེད་ཅེས་ཁོང་གི་ཁྲིམས་རྩོད་པ་ལིང་ཞོ་ཇུན་གྱི་ཚོད་དཔག་བྱས་འདུག
བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་རྩོད་ལེན་མཁན་་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་ནག་དབུས་གཞུང་ལ་བོད་མིར་བོད་སྐད་བོད་ཡིག་སྦྱོང་བའི་ཐོབ་ཐང་དགོས་པ་དང་། ད་ལྟ་བོད་ཁུལ་དུ་རྒྱ་རིགས་ཆེན་པོའི་ལྟ་བ་དང་ལངས་ཕྱོགས་འོག་བོད་སྐད་ཡིག་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་སྟབས། བོད་ཁུལ་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་དགོས་པའི་སྙན་ཞུ་ཕུལ་བ་དང་། ༢༠༡༥ ལོར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ནེའུ་ཡོག་དུས་བབ་ཀྱི་པེ་ཅིང་གི་གསར་འགོད་པར་རྒྱ་ནག་དབུས་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་ནང་དོན་ལྟར། བོད་ཀྱི་སྐད་ཡིག་སློབ་གསོའི་ཧ་ཅང་ཐབས་སྐྱོ་བའི་གནས་བབ་དེ་ཡར་རྒྱས་སུ་གཏོང་ཆེད། བོད་ཁུལ་དུ་བོད་ཡིག་བཀོལ་སྤྱོད་བྱེད་དགོས་པ་གལ་ཆེན་ཡིན་པའི་སྐོར་དགོངས་ཚུལ་བརྗོད་པར་བརྟེན། ༢༠༡༦ ཟླ ༡ ཚེས ༢༧ ཉིན། ཡུལ་ཤུལ་ཉེན་རྟོག་པས་ཁོང་འཛིན་བཟུང་བཀག་ཉར་བྱས་པ་རེད།
ཁོང་འཛིན་བཟུང་བཀད་ཉར་བྱས་རྗེས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་བཀྲ་ཤིས་དབང་ཕྱུག་ལགས་ལ་སྨྲ་བརྗོད་ཀྱི་དབང་གིས་ཉེས་ཆད་ཕོག་པ་དེ་རྒྱ་ནག་རང་གི་ཁྲིམས་ལུགས་དང་མི་མཐུན་ན། ཁོང་འཕྲལ་དུ་ཀློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་རབ་དང་རིམ་པ་ཞུས་ཡོད་ལ། དེ་བཞིན། རྒྱ་རིགས་ཁྲིམས་རྩོད་པ་ཁག་ཅིག་གིས་ཀྱང་ཡུལ་ཤུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་སྙན་ཞུ་ཕུལ་ཏེ། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་བཤེར་དུས་ཡུན་ཕར་འགྱངས་ནས་ཞིབ་དཔྱོད་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།