བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཡོ་རོབ་སི་ཀེན་ཌི་ནེ་ཝི་ཡེན་རྒྱལ་ཁོངས་སུ་བོད་དོན་ཞུ་སྐུལ་གནང་བཞིན་འདུག

དེ་ཡང་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ཡོ་རོབ་སི་ཀེན་ཌི་ནེ་ཝི་ཡེན་(Scandinavian)་དུ་བོད་དོན་ཞུ་སྐུལ་ཆེད་འབྱོར་སྐབས། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་དང་། དྲུང་ཆེ་བསྟན་འཛིན་ཀུན་དགའ་ལགས། ཌན་མག་བོད་རིགས་ཚོགས་པའི་ཚོགས་གཙོ་དང་འཐུས་མི། ཌན་མག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Mr.Anders H. Andersen) ལགས་སོགས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་འདུག
སྤྱི་ཚེས་༢༣ཉིན་ཌན་མག་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་། གྲོས་ཚོགས་འཐུས་མི་ལྕམ་(Ms. Sascha Faxe)་ལགས་དང་མཇལ་འཕྲད་ཀྱིས། བོད་དོན་ཡིག་ཆ་ཁག་ཕུལ་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་མཚན་རྟགས་འཁོད་པའི་གནད་དོན་རྣམས་ལ་ཞུ་སྐུལ་ནན་པོ་ཞུས་པ་དང་། མ་འོངས་པར་ཉི་ཧོང་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དུ་མཉམ་ཞུགས་ཡོང་བའི་རེ་སྐུལ་ཞུས་འདུག
ད་དུང་ཌན་མག་གི་སྲིད་དོན་དང་མང་གཙོ་ཉམས་ཞིབ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་(Mathias Parsbaek Skibdal) ལགས་དང་། སློབ་སྟོན་པ་རྒན་པ་ལྕམ་(Marlene Corydon Harittso)་ལགས་གཉིས་དང་མཇལ་འཕྲད་ཀྱིས་ཌན་མག་རྒྱལ་ཁབ་ཀྱི་མང་གཙོའི་སྒྲོམ་གཞི་ཁག་དང་། རང་རེ་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་སོགས་ཀྱི་སྐོར་ཕན་ཚུན་ངོ་སྤྲོད་དང་། ད་ལྟའི་བོད་ནང་གི་གནས་སྟངས་འགྲེལ་བརྗོད། རང་དབང་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་ཡིད་ཆེས་དང་རེ་སྐུལ་ཞུས་འདུག
གཞན་ཡོ་རོབ་རྒྱལ་སྤྱིའི་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཞོན་(Ms.Rebekka Sonne)་གཙོས་འགན་ཁུར་བ་གསུམ་དང་ཐུག་འཕྲད་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་གདུག་རྩུབ་ཇི་ལྟར་བྱེད་ཀྱི་ཡོད་པའི་གནས་སྟངས་ཁག་ངོ་སྤྲོད་དང་། ད་ལྟའི་ན་གཞོན་རྣམས་མ་འོངས་པའི་འགོ་ཁྲིད་ཆགས་སྲིད་པར་བརྟེན་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་ན་གཞོན་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཐབས་ཀྱི་རེ་སྐུལ་ཞུས་བ་སོགས་ཡུལ་དེའི་ནང་གི་གནད་ཡོད་མི་སྣ་དང་ཐུགས་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ཚོགས་དྲུང་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།