བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་འབོད་སྐུལ།

རྒྱལ་སྤྱིའི་དབུ་ཁྲིད་ཚོས་བོད་རྒྱ་འབྲེལ་མོལ་དོན་འབྲས་སོན་པ་ཡོང་རྒྱུར་རྒྱ་ནག་གི་དབུ་ཁྲིད་ཚོར་གནོན་ཤུགས་སྤྲོད་ཐབས་ཡོང་བའི་འབོད་སྐུལ།

2008.07.29

༄༅༎བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་རིང་མིན་ཕྱི་ཟླ་བརྒྱད་པའི་ཚེས་༨ ཉིན་ཚོགས་རྒྱུའི་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཕེབས་མཁན་གྱི་འཛམ་གླིང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་བོད་རྒྱ་འབྲེལ་མོལ་དོན་འབྲས་སོན་པ་ཡོང་རྒྱུར་རྒྱ་ནག་གི་དབུ་ཁྲིད་ཚོར་གནོན་ཤུགས་སྤྲོད་ཐབས་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

དེ་ཡང་རེས་གཟའ་ཟླ་བ་ཕྱི་ཚེས་༢༨ ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཁང་གིས་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་འགོ་འབྱེད་མཛད་སྒོར་ཕེབས་མཁན་གྱི་ཨ་མི་རི་ཀ་དང་ ཕེ་རན་སི་ ཉི་ཧོང་ ར་ཤི་ཡ་ ཡོ་རོབ་སྤྱི་མཐུན་སོགས་རྒྱལ་སྤྱིའི་དབུ་ཁྲིད་ཚོར་འབོད་སྐུལ་གྱི་ཕྱག་བྲིས་ཤིག་ཕུལ་ཏེ་ང་ཚོའི་ངོས་ནས་རེ་འདུན་ཞུ་རྒྱུ་ནི། རྒྱལ་ཁབ་དེ་དག་གི་སྐུ་ཚབ་ཚོགས་མི་དང་རང་དབང་ཅན་གྱི་གསར་འགྱུར་ལས་རིགས་རྣམས་བོད་ཀྱི་ས་ཁུལ་ཁག་ནང་གཟིགས་སྐོར་ཏུ་ཕེབས་ཐབས་གནང་རྒྱུའི་འབོད་སྐུལ་ཞུ་གི་ཡོད། གལ་ཏེ་ཁྱེད་རྣམས་པ་བོད་ཀྱི་ས་ཁུལ་ནང་དངོས་སུ་ཕེབས་ཐུབ་པ་ཡིན་ཚེ་དེའི་ཐོག་ནས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཆེ་ཐོངས་དང་ ཁྲིམས་ལུགས་དབང་འཛིན་གྱི་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་ཡིན་པ་མ་ཟད། ལྷག་པར་དུ་རིང་མིན་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཁྱེད་རྣམས་ཕེབས་ཀྱི་ཡོད་པ་དེ་ཡིས་ཨོ་ལིམ་པིག་རྩེད་འགྲན་གྱི་ཆེ་ཐོངས་ཆེ་རུ་འགྲོ་བ་དང་ཆབས་ཅིག དེའི་མཉམ་དུ་འགྲོ་བ་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཆེན་པོ་ཞུ་གི་ཡོད་ཅེས་བྲིས་གནང་ཡོད་པ་རེད། ད་དུང་ང་ཚོའི་ངོས་ནས་མུ་མཐུད་ནས་རྒྱ་ནག་གཞུང་ལ་བོད་དེ་འཛམ་གླིང་ལ་སྒོ་མོ་འབྱེད་དགོས་པ་དང་དཀའ་སྡུག་མྱོང་བཞིན་པའི་བོད་ནང་གི་བོད་མི་ཚོར་ཡིད་ཆེས་སྐྲུན་ཐུབ་པ་བྱ་དགོས་པ་དང༌། དེ་བཞིན་རྒྱ་ནག་ཕྱོགས་ནས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་ལས་འགུལ་ཁག་ལ་ནོར་འཁྲུལ་གྱི་མཚན་སྨད་དང་སྐྱོན་བརྗོད་ཞུ་བཞིན་པ་རྣམས་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎