ཨ་མི་རི་ཀའི་མི་ནི་སོ་ཊ་མངའ་སྡེའི་ནང་བོད་ཕྲུག་གི་ཆེད་སློབ་གྲྭ་གསར་འཛུགས་གནང་རྒྱུར་༧གོང་ས་མཆོག་གིས་མཚན་བྱང་བསྩལ་གནང་འདུག

2024.04.16
ཨ་མི་རི་ཀའི་མི་ནི་སོ་ཊ་མངའ་སྡེའི་ནང་བོད་ཕྲུག་གི་ཆེད་སློབ་གྲྭ་གསར་འཛུགས་གནང་རྒྱུར་༧གོང་ས་མཆོག་གིས་མཚན་བྱང་བསྩལ་གནང་འདུག ཨ་མི་རི་ཀའི་མི་ནི་སོ་ཊ་མངའ་སྡེའི་ནང་བོད་ཕྲུག་གི་ཆེད་སློབ་གྲྭ་གསར་འཛུགས་གནང་རྒྱུར་༧གོང་ས་མཆོག་གིས་མཚན་བྱང་བསྩལ་གནང་སྐབས།
མཐུན་འགྱུར་པར་རིས། ཐུབ་བསྟན་ཟླ་གྲགས།

ཨ་མི་རི་ཀའི་མི་ནི་སོ་ཊ་(Minnesota)་མངའ་སྡེའི་ནང་གི་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དོ་སྣང་ཅན་བོད་མི་དང་ཕྱི་རྒྱལ་བ་ཁག་ཅིག་མཉམ་རུབ་ཀྱིས། བོད་ཀྱི་སྐད་ཡིག་དང་། རིག་གཞུང་། སི་ཤེས་ཡོན་སློབ་གསོ་སྟེ། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སོགས་བོད་ཕྲུག་གཙོ་བོར་གྱུར་བའི་དོ་སྣང་ཅན་ཚོར་(Charter School)་སློབ་གྲྭ་ཞིག་འཛུགས་འཆར་ཡོད་པ་དེར། ཆོག་མཆན་རག་ངེས་བར་བརྟེན་མངའ་སྡེ་གཞུང་གིས་མཐུན་འགྱུར་ཆ་ཚང་གནང་གི་ཡོད་པའི་མུར། ཕྲུ་གུ་རེ་ལ་མངའ་སྡེ་གཞུང་གི་ཐོབ་ཐང་བཅས་རག་ཐུབ་པའི་གནས་སྟངས་ཐད། ཨ་མི་རི་ཀའི་གཞུང་ལ་སྙན་གསེང་ཞུ་དགོས་པའི་ཡིག་ཆ་ཚང་མ་ཕུལ་ཚར་ཡོད་པ་མ་ཟད། ད་ལྟའི་གནས་སྐབས་སུ་མངའ་སྡེ་གཞུང་གི་ཤེས་རིག་སྡེ་ཚན་གྱིས་ཞིབ་འཇུག་གནང་བཞིན་པ་ཡིན་སྟབས། ཁོ་ཚོའི་གཙོ་འགན་པ་ཐུབ་བསྟན་ཟླ་གྲགས་ལགས་ནས་ཉེ་ལམ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་སྙན་གསེང་ཞུས་བར། མགོན་པོ་གང་ཉིད་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་སློབ་གྲྭའི་མཚན་ལ་“གནའ་དེང་ཤེས་ཡོན་བསྟི་གནས་ཁང་”ཞེས་དང་དབྱིན་ཡིག་ནང་(Ocean of wisdom)་ཞེས་སྩལ་ཏེ། རྟེན་གཙོ་ཞིག་ཀྱང་གནང་བ་སོགས་ཐུབ་བསྟན་ཟླ་གྲགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

Tiebtan Charter School Minnesota (2).JPG
ད་དུང་ཐུབ་བསྟན་ཟླ་གྲགས་ལགས་ནས། རྒྱ་ནག་གི་བཙན་གནོན་འོག་བོད་ནང་རང་དབང་མེད་པའི་གནས་སྟངས་ཆགས་ཡོད་པ་དང་། ང་ཚོ་བཙན་བྱོལ་དུ་སྐད་ཡིག་དང་། རིག་གཞུང་། མི་རིགས་གནས་དགོས་པ་རེད་ཅེས་གསུང་གི་ཡོད་པ་གནད་འགག་ཏུ་བརྩིས་ཏེ། ལས་དོན་དེ་ཐོག་མའི་བསམ་ཚུལ་ཁོ་རང་གིས་ཁུར་བ་དང་འབྲེལ། འགན་འཛིན་ལྷན་ཚོགས་ནས་ཀྱང་བསམ་ཚུལ་གཅིག་ཏུ་སྒྲིལ་བ་སོགས་འགྲེལ་བརྗོད་གནང་གི་འདུག

Tiebtan Charter School Minnesota (3).JPG
ཐུབ་བསྟན་ཟླ་གྲགས་ལགས་རྡ་རམ་ས་ལར་བཅར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་སོགས་དང་མཇལ་འཕྲད་གྱིས་གོ་བསྡུར་གནང་ཡོད་པ་དང་། སློབ་གྲྭ་དེའི་ནང་༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང་། སི་ཤེས་ཡོན་སློབ་གསོ་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྒྲོམ་གཞིའི་སྟེང་། བོད་ཀྱི་སྐད་ཡིག་རིག་གཞུང་སློབ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཨ་མི་རི་ཀའི་མི་ནི་སོ་ཊ་ས་གནས་སུ་བོད་མི་ལྔ་སྟོང་ཡས་མས་ཤིག་ཡོད་པས། སྤྱིར་བཏང་ནས་གཟའ་མཇུག་སློབ་གྲྭ་ཡོད་པའི་ཐོག་ད་ལྟ་སློབ་ཕྲུག་༨༥སློབ་གྲྭ་དེར་ཐོ་འགོད་གནང་ཟིན་ཡོད་པ་དང་། ལོ་རྗེས་མའི་སྤྱི་ཟླ ༩པའི་ནང་དངོས་སུ་དབུ་འབྱེད་གནང་རྒྱུའི་འཆར་གཞི་ཡོད་རེད། ཐོག་མ་སྔོན་འགྲོ་འཛིན་གྲྭ་ནས་འཛིན་རིམ་བཞི་པའི་བར་སློབ་འཇུག་བྱེད་རྒྱུ་དང་། དེ་ནས་ལོ་འགའ་ཤས་ནང་འཛིན་རིམ་༨པའི་བར་སློབ་འཇུག་བྱེད་རྒྱུ་འཆར་གཞི་ཡོད་འདུག་ལ། སློབ་ཡོན་མི་དགོས་བའི་བོད་པའི་སློབ་གྲྭ་དེར་མི་རིགས་དབྱེ་མེད་ཀྱི་ཕྲུ་གུ་སློབ་ཞུགས་ཆོག་པ་དང་། འགྲོ་གྲོན་མ་དངུལ་གཞུང་ནས་རག་གིན་ཡོད་འདུག་ལ། སློབ་གྲྭ་གཞན་ལྟར་བདུན་ཕྲག་གཅིག་གི་ནང་ཉི་མ་ལྔ་ཧྲིལ་བོ་ལ་སློབ་ཁྲིད་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་སུ་བཀའ་ཤག་མེད་པ་དང་སྤྱི་འཐུས་ལྷན་ཚོགས་འཚོགས་མི་ཐུབ་པ། གཏོང་ལེན་ཁྲིམས་ཡིག་གཏན་འབེབས་མ་ཐུབ་པའི་གནས་སྟངས་བྱུང་ནའང་། ལོ་འཁོར་སྔོན་རྩིས་བཀའ་འཁྲོལ་སྤྲོད་ཆོག་པའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་བཏོན་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎