བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་རྒྱུར་གྲོས་མོལ་ནི་ཐབས་ལམ་ཡག་ཤོས་ཡིན་པ་ཨ་རིས་ངོས་འཛིན།

2021-05-18
Share
བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་རྒྱུར་གྲོས་མོལ་ནི་ཐབས་ལམ་ཡག་ཤོས་ཡིན་པ་ཨ་རིས་ངོས་འཛིན། ཨ་རིའི་སྲིད་འཛིན་སྦཡེ་ཌེན་(Biden) ༥།༧།༢༡
Reuters

ཨ་མི་རི་ཀ་གཞུང་གིས་བོད་དོན་དང་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་ཐོག་ལས་དོན་ཇི་སྤེལ་སྐོར་ཀྱི་སྙན་ཐོ་བཏོན་ནས་ཨ་རིའི་གྲོས་ཚོགས་སུ་ཕུལ་ཡོད་འདུག
ཨ་རིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ལྟར། ལོ་ལྟར་ཨ་རིའི་སྲིད་འཛིན་ལས་ཁུངས་དང་ཕྱི་སྲིད་ལས་ཁུངས་གཉིས་ཀྱིས་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་ཐོག་ལས་དོན་ཇི་སྤེལ་སྐོར་གྱི་སྙན་ཐོ་བཏོན་ནས་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་འབུལ་དགོས་ཀྱི་ཡོད་ལྟར། ད་རེས་ལོ་སྔོན་མའི་ཕྱི་ཟླ་ལྔ་པ་ནས་ཉེ་བའི་ཕྱི་ཟླ་བཞི་པ་བར་གྱི་ལོ་འཁོར་སྙན་ཐོ་དེ་གྲོས་ཚོགས་སུ་ཕུལ་ཡོད་པ་རེད།
སྙན་ཐོའི་ནང་། བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཤིག་ཐོབ་རྒྱུར་གྲོས་མོལ་ནི་ཐབས་ལམ་ཡག་ཤོས་ཡིན་པའི་སྐོར་དང་། ཐབས་ལམ་དེས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་ལ་སོགས་པ་རང་དབང་ཐོག་སྤྱོད་ཐུབ་རྒྱུ་མ་ཟད། མངའ་ཁུལ་ནང་རྒྱུན་གནས་ཀྱི་བརྟན་ལྷིང་ཐོག་ཡང་ཕན་ཐོགས་ཡོད་པའི་སྐོར་བཀོད་འདུག་ལ། འདི་ནི་སྲིད་འཛིན་སྦཡེ་ཌེན་(Biden)་གཞུང་འཛིན་གསར་བའི་ངོས་ནས་བོད་རྒྱ་གྲོས་མོལ་ཐད་ཀྱི་སྙན་ཐོ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།
སྙན་ཐོ་དེ་ཟླ་བ་འདིའི་ཚེས་༤་ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་མི་རི་ཀའི་གྲོས་ཚོགས་ལ་ཕུལ་གནང་ཡོད་ཅིང་། དེའི་ནང་ཨ་མི་རི་ཀའི་གཞུང་གི་དཔོན་རིགས་མཐོ་གྲས་རྣམས་ཀྱིས་ཕྱི་ལོ་༢༠༢༠་ཟླ་བ་ལྔ་པའི་ཚེས་༡་ནས་ཕྱི་ལོ་༢༠༢༡་ལོའི་ཕྱི་ཟླ་བཞི་པའི་ཚེས་༣༠་བར་རྒྱ་ནག་གཞུང་དང་བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་རྣམ་པའི་བར་གྲོས་མོལ་ཡོང་ཐབས་ཀྱི་འབད་བརྩོན་དང་། བོད་དོན་གྱི་དཀའ་རྙོག་སེལ་རྒྱུར་ལས་དོན་ཇི་དང་ཇི་སྤེལ་བའི་སྐོར་བཀོད་གནང་ཡོད་པ་རེད།
ཨ་མི་རི་ཀའི་གཞུང་གིས་བོད་དོན་ཆེད་ལས་དོན་སྤེལ་གནང་བའི་ནང་། སྔ་ལོ་ཕྱི་ཟླ་དགུ་པའི་ནང་ཨ་རིའི་སྲིད་འཛིན་གོང་མ་(Trump)་གྱི་སྐབས། སྐབས་དེའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ལགས་ཀྱིས་བོད་དོན་དཀའ་རྙོག་སེལ་རྒྱུར་རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ལྷན་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
ཡང་སྔ་ལོ་ཕྱི་ཟླ་བཅུ་པའི་ནང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོར། སྐབས་དེའི་ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་སྐུ་ཞབས་(Robert Destro)་ལགས་ཀྱིས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཤིག་ཡོང་ཆེད་དང་། བོད་མི་ཡོངས་ཀྱི་ཆོས་དད་རང་དབང་ཆེད་དྲ་ལམ་བརྒྱུད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་དང་མཉམ་ལྷན་ཚོགས་བགྲོ་གླེང་གནང་བའི་སྐོར་སོགས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་ཆེད་ཀྱི་སྙན་ཐོ་དེའི་ནང་བཀོད་གནང་ཡོད་པ་རེད།
གཞན་ཡང་བདུན་ཕྲག་སྔོན་མ་དེར། བཙན་བྱོལ་བོད་མིའི་ཕྱི་ལོ་༢༠༢༡་ལོའི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུ་ཆེན་མོའི་གྲུབ་འབྲས་གཞུང་འབྲེལ་གསལ་བསྒྲགས་གནང་རྗེས། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་(Ned Price)་ལགས་ཀྱིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་དགའ་བསུའི་མཚམས་འདྲི་དང་བཅས་རྒྱབ་སྐྱོར་མཉམ་ལས་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།