ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་ཤིང་འབྲུག་ལོ་གསར་ལ་འཚམས་འདྲི།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཨཛ་ར་ཛེ་ཡ་ལགས་ནས་དེ་རིང་རབ་གནས་ཤིང་འབྲུག་ལོའི་ལོ་གསར་ཚེས་པའི་ཉིན་མོར་ x སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་འཚམས་འདྲིའི་གསུང་འཕྲིན་ཞིག་གནང་འདུག
ཁོང་གིས་སྤྱི་ཚོགས་དྲྭ་རྒྱའི་ཐོག་སྤེལ་བའི་བརྙན་འཕྲིན་གསུང་འཕྲིན་འདིའི་ནང་། ལོ་འདིའི་ནང་བདེ་སྐྱིད་ཕུན་སུམ་དང་ཡར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པས་མ་ཚད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ངོས་ནས་བོད་མི་རྣམས་དང་དཔུང་པ་མཉམ་བཤིབ་ཀྱིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། དེ་བཞིན་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།
ཁོང་གིས་ད་དུང་། དེང་གི་དུས་དེར་ཆོས་དད་གནང་མཁན་དང་། རང་གི་གནའ་སྲོལ་གོམས་གཤིས་རྒྱུན་འཛིན་དང་། རང་གི་སྐད་ཡིག་བེད་སྤྱོད་གནང་མཁན་ཚོར་རྒྱབ་སྐྱོར་དགོས་པ་དེ་སྔ་ལས་གལ་ཆེ་བ་ཆགས་ཡོད་པ་དང་། ལྟ་གྲུབ་དེ་དག་ཨ་རིའི་གཞི་རྩའི་སྒྲོམ་གཞིའི་ནང་རྩ་བ་གཏིང་ཚུགས་ངང་གནས་ཡོད་པ་རེད་ཅེས་དང་། ཁོང་གིས་ད་དུང་། ཨ་རིའི་ངོས་ནས་མུ་མཐུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ཡོང་བ་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་ཡོད་པ་རེད།
རབ་གནས་ཤིང་འབྲུག་ལོའི་བོད་ཀྱི་ལོ་གསར་གྱི་དགའ་སྟོན་ཉིན་འཛམ་བུ་གླིང་ཁྱོན་ཡོངས་སུ་ཡོད་པའི་བོད་མི་རྣམས་ནས་རྣམ་པ་འདྲ་མིན་གྱི་སྒོ་ནས་ལོ་གསར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་རྟེན་གཞི་བྱེད་པའི་རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་དུ་འདོད་ཁམས་བདག་མོ་དཔལ་ལྡན་དམག་ཟོར་རྒྱལ་མོའི་འཕྲིན་བཅོལ་དང་། ལོ་གསར་བསང་གསོལ་གནང་ཡོད་པ་རེད།
ཕྱོགས་མཚུངས་འབྲི་གུང་ཆོས་ཀྱི་ཉི་མ་ཆོས་ཚོགས་སུའང་མཁན་པོ་བསམ་གྲུབ་རིན་པོ་ཆེ་མཆོག་གིས་འཛམ་བྷ་ལའི་བཀའ་དབང་དང་། ལོ་གསར་གྱི་ཚོགས་མཆོད་འབུལ་ཡོད་པ་རེད།
གསར་འགོད་པ། པ་སངས་དོན་ལྡན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།