དཀར་མཛེས་རྟའུ་རྫོང་དུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་ཇེ་མང་དུ་སོང་འདུག

2020-02-11
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་ཏོག་དབྱིབས་ནད་འབུ་དང་འབྲེལ་བའི་ཟུར་ཟའི་རི་མོ། ༢༠༢༠།༢
རྒྱ་ནག་གི་ཏོག་དབྱིབས་ནད་འབུ་དང་འབྲེལ་བའི་ཟུར་ཟའི་རི་མོ། ༢༠༢༠།༢
RFA

ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྔོན་འགོག་ཐད་འཐུས་ཤོར་བཏང་ཚུལ་གྱིས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་གནས་དབྱུང་བཏང་འདུག་ལ་རྟའུ་རྫོང་དུ་ནད་པ་ཇེ་མང་དུ་སོང་འདུག
འདི་ཚེས་༡༡་བར་བོད་དཀར་མཛེས་ཁུལ་རྟའུ་རྫོང་དུ་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་ཕོག་མཁན་གྱི་ནད་པ་བཞི་ཇེ་མང་དུ་སོང་ནས་མི་གྲངས་༢༢་བར་འཕར་ཡོད་པ་དང་། ནད་པ་གསར་བ་དེ་དག་ནི་དཀར་མཛེས་ཁུལ་རྟའུ་རྫོང་གི་བུད་མེད་བཞི་ཡིན་པ་རེད།
རྒྱ་ནག་ནང་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(coronavirus)་ཞེས་པའི་ནད་ཡམས་ཕོག་ནས་ད་བར་ནད་པ་མི་གྲངས་༡༠༡༨་ལྷག་རྐྱེན་ལམ་དུ་ཕྱིན་པའི་གནས་སྟངས་དེ་སྔ་ས་ནས་སྟངས་འཛིན་བྱེད་མ་ཐུབ་པ་སོགས་ཀྱི་རྒྱུ་མཚན་གྱིས་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཧུའུ་པེ་(Hubei)་ཞིང་ཆེན་གྱི་འཕྲོད་བསྟེན་ལས་ཁུངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་གཙོས་པའི་དཔོན་རིགས་མང་པོའི་གོ་གནས་ཕབ་པ་དང་གནས་དབྱུང་བཏང་བ་སོགས་བྱས་འདུག དེ་དག་ཁྲོད་རྒྱ་ནག་ཧུའུ་པེ་(Hubei)་ཞིང་ཆེན་གྱི་འཕྲོད་བསྟེན་ལས་ཁུངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་དང་། འཕྲོད་བསྟེན་ལས་ཁུངས་དེའི་འགན་འཛིན་གཉིས་ཡོད་པ་དང་། ཁོང་གཉིས་ནི་ད་བར་གོ་གནས་ཕབ་པའི་དཔོན་རིགས་མཐོ་གྲས་གཉིས་ཡིན་པ་རེད། ད་དུང་ཡང་ས་གནས་དཔོན་རིགས་ཚོའི་ཐོག་རྟག་དཔྱད་བྱེད་མུས་དང་སྔོན་བརྡ་སོགས་བཏང་ཡོད་འདུག
དེ་བཞིན་རྒྱ་ནག་གཞུང་གིས་ས་གནས་ཀྱི་རྒྱ་གྲམ་དམར་པོའི་འགན་འཛིན་གཞོན་པ་ཀྲང་ཆིན་(Zhang Qin)་གྱིས་རང་གི་ལས་འགན་ལ་སྣང་ཆུང་དང་བརྩི་མེད་བཏང་བ་དང་། ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འགོག་ཐབས་ཆེད་ཞལ་འདེབས་ཕུལ་བ་ཁག་འཛིན་སྐྱོང་ཡག་པོ་མ་བྱས་པའི་རྐྱེན་གྱིས་གོ་གནས་ནས་མར་ཕབ་འདུག
ཧུའུ་པེ་ཞིང་ཆེན་ནང་གི་ས་གནས་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་གཉིས་ཀྱི་ཚབ་ལ་རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཝང་ཧེས་ཧྲིན་(Wang Hesheng)་བསྐོ་བཞག་བྱས་འདུག
འདི་ཚེས་༡༡་གཟའ་ཟླ་བའི་ཉིན་གཅིག་རིང་རྒྱ་ནག་གི་ཧུའུ་པེ་ཞིང་ཆེན་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་པ་མི་གྲངས་༡༠༣་ལྷག་གྲོངས་བ་ནི་ཉིན་གཅིག་རིང་ནད་པ་གྲོངས་བའི་གྲངས་འབོར་མཐོ་ཤོས་དང་མང་ཤོས་དེ་ཡིན་པ་དང་། ནད་འབུ་གསར་བ་འགོས་བའི་ནད་པའི་གྲངས་འབོར་རྒྱ་ནག་རྒྱལ་ཡོངས་ནང་ཉིན་གཅིག་གོང་དང་བསྡུར་ན་ཅུང་ཆགས་ཡོད་པའི་གྲངས་འབོར་བཏོན་འདུག
དེ་ལྟར་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར། འདི་གའི་ཚེས་ ༡༡ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ དང་། མཚོ་སྔོན་ཟི་ལིང་དུ་ ༡༥ མཚོ་བྱང་ཁུལ་དུ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་༢༧་༼དེའི་ནང་༢༢་རྟའུ་རྫོང་ནས་ཡིན༽ རྔ་བ་ཁུལ་དུ་༡ ཀན་ལྷོའམ་མདོ་ལྷོ་ཁུལ་དུ་ ༦ ་བཅས་བྱུང་འདུག
ད་བར་རྒྱ་ནག་གིས་བརྗོད་བཞིན་པའི་བོད་མི་འདུས་སྡོད་ས་ཁུལ་ལྗོངས་དང་ཞིང་ཆེན་ལྔའི་ནང་ཏོག་དབྱིབས་ནད་འབུ་འགོས་བའི་ནད་པ་མང་ཤོས་དཀར་མཛེས་དང་དེ་ཡང་རྟའུ་རྫོང་ཕྱོགས་སུ་ཛ་དྲག་ཡིན་པས། བོད་མི་ཚོས་བོད་ནང་སྨན་བཅོས་ཆ་རྐྱེན་སོགས་ཞན་པའི་གནས་སྟངས་འོག་སྔ་ས་ནས་གཟབ་ནན་མ་བྱས་ན་དཀའ་ངལ་ཆེན་པོ་འཕྲད་སྲིད་པའི་བློ་འཚབ་བྱེད་བཞིན་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ པའི་ཚེས་ ༡༡ ་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་ ༤༣༡༣༨་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༡༠༡༨ ལྷག་གྲོངས་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།