རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཏོག་དབྱིབས་ནད་རྟགས་ཡོད་པའི་ནད་པ་༩༥ཐོན་འདུག


2020-10-06
Share
མོན་གྷོ་འདོད་རྒུ་གླིང་གི་ས་གནས་(DTR)འཕྲོད་བསྟེན་སྨན་ཁང་། མོན་གྷོ་འདོད་རྒུ་གླིང་གི་ས་གནས་(DTR)འཕྲོད་བསྟེན་སྨན་ཁང་།
མཐུན་འགྱུར་པར་རིས།

རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པའི་ནད་པ་༩༥་དང་བལ་ཡུལ་མཆོད་འཇོར་ས་གནས་སུ་ནད་པ་གཉིས་ཐོན་འདུག
དེ་ཡང་འདི་ཚེས་༦ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཆགས་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་ལགས་ཀྱིས་གྲྭ་ཚང་གི་ངོ་དེབ་བརྒྱུད་གསལ་བསྒྲགས་གནང་བ་ལྟར་ན། རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷིའི་འཁྲུངས་སྐར་ཉིན་འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་དུ་སྔགས་ཀྱི་བགྲོ་གླེང་ཚོགས་གནང་བའི་སྐབས། གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ཞིག་ལ་ཚ་བའི་སྙུང་གཞི་བྱུང་ཏེ་རྟག་དཔྱད་གནང་པའི་སྐབས། (covid19)་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེའི་རྗེས་ཉིན་རྗེས་མར་ས་གནས་འཕྲོད་བསྟེན་སྨན་ཁང་ནང་སླར་ཡང་ཁོང་ལ་རྟག་དཔྱད་བྱས་སྐབས་ནད་ཡམས་དེ་ཕོག་པ་ངེས་གཏན་བྱུང་བའི་རྗེས། ཕྱི་ཚེས་༣དང་༤བཅས་སུ། ས་གནས་འཕྲོད་བསྟེན་སྨན་ཁང་གིས་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་ཚོར་བརྟག་དཔྱད་བྱས་སྐབས་དགེ་འདུན་པ་༩༣་དང་། ས་གནས་ཀྱི་བོད་མི་གཉིས་བཅས་ཁྱོན་མི་༩༥ལ་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཐོན་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་འདུག
དེ་བས་གྲྭ་ཚང་ནང་ནད་ཡམས་དེ་ཕོག་པའི་ཐད་ལ་གསང་རྒྱ་མ་གནང་བར་འཕགས་བོད་གཉིས་ཀྱི་ས་གནས་འབྲེལ་ཡོད་ལས་སྣེ་རྣམ་པར་སྙན་སེང་ཞུས་པ་མ་ཟད། འདོད་རྒུ་གླིང་ས་གནས་དང་བློ་གསལ་གླིང་གྲྭ་ཚང་གི་ལས་སྣེ་བཅས་ནས་ནད་ཡམས་ཁྱབ་གདལ་སྔོན་འགོག་ཐད་ཧུར་ཐག་བྱེད་བཞིན་པ་དང་། གྲྭ་ཚང་གི་ནང་ནད་གཞི་དེ་ཕོག་པའི་དགེ་འདུན་པ་རྣམས་ལོགས་སུ་ཟུར་བཀག་བྱས་ནས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
འཛམ་གླིང་ནང་ནད་ཡམས་དེ་ཞི་ཐབས་ཀྱི་ཆེད་གྲྭ་ཚང་ནས་བོད་ཀྱི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་སྨོན་སྐྱབས་འཇུག་ཞུས་གནང་བར། ༧གོང་ས་མཆོག་ནས་སྒྲོལ་མ་དང་སྨན་ལྷའི་གཟུངས་སྔགས་སོགས་གསོག་སྒྲུབ་གནང་དགོས་པའི་ལམ་སྟོན་ཕེབས་ཡོད་པ་ལྟར་ཞབས་རིམ་ཁག་གསོག་བསྒྲུབ་ཞུ་བཞིན་ཡོད་པ་ཡང་གསུང་འདུག
སྤྱིར་བཏང་མོན་གྷོ་གཞིས་ཁུལ་དུ་ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་ཕོག་པ་བོད་མི་༡༡༩་ལ་སྨན་བཅོས་གནང་བཞིན་ཡོད་ཅིང་། གཞིས་ཁུངས་དེའི་གྲྭ་ཚང་ཁག་ཏུ་ནད་ཡམས་འགོས་ཁྱབ་སོང་བའི་རྒྱུ་མཚན་ནི་གྲྭ་ཚང་གི་ནང་དགེ་འདུན་པ་འདུ་ཚོགས་ཆེ་བ་སོགས་ཀྱི་རྒྱུ་མཚན་གྱི་ཡིན་སྐོར་འདོད་རྒུ་གླིང་འཕྲོད་བསྟེན་འགན་འཛིན་ངག་དབང་ཐུབ་བསྟན་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ད་བར་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནང་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་གྲངས་༢༦༦་བྱུང་ཡོད་པ་དང་། དེ་ནས་དྲག་སྐྱེས་བྱུང་བ་༡༤༤་དང་། འདས་གྲོངས་སུ་ཕྱིན་པ་༣ ད་ལྟ་ནད་གྱི་མནར་བཞིན་པ་གྲངས་༡༡༩ཡོད་པ་རེད།
གཞན་ཡང་ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་གཞིས་ཁུངས་ནང་(covid19)་ཏོག་དབྱིབས་ནད་ཡམས་ཕོག་ཏེ་སྨན་བཅོས་བྱེད་བཞིན་པ་༡༠དང་། ཧུན་སུར་གཞིས་ཁུངས་ཀྱི་ནང་༢༣དང་། ཀོ་ལེ་གྷལ་གཞིས་ཁུངས་ཀྱི་ནང་ད་བར་ནད་པ་གཅིག་ལས་ཐོན་མེད་པ་རེད་འདུག
དེ་བཞིན་ཡང་བལ་ཡུལ་གྱི་མཆོད་འཇོར་བོད་མིའི་གཞིས་ཆགས་ཁྱབ་ཁོངས་ཀྱི་བོད་མི་གཉིས་ལ་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་(covid19)་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་ད་ཆ་ཟུར་བཀག་བྱས་ནས་སྨན་བཅོས་བྱེད་བཞིན་པ་ས་གནས་འགོ་འཛིན་ལས་ཁུངས་ནས་གསལ་བསྒྲགས་སྤེལ་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཝུའུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་གི་དྲ་གནས་ནང་གི་འདི་ཚེས་༦་ཉིན་གྱི་གྲངས་ཐོ་ལྟར་ན། རྒྱ་བལ་འབྲུག་གསུམ་གྱི་ནང་ད་བར་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་རིམ་ནད་འགོས་པའི་ནད་པ་གྲངས་༤༠༣བྱུང་བ་དང་། དེའི་ཁྲོད་ད་ལྟ་ནད་མནར་བཞིན་པ་མི་གྲངས་༡༧༥དང་། འདས་གྲོངས་སུ་ཕྱིན་པ་མི་གྲངས་༡༤། དྲག་སྐྱེས་བྱུང་བ་མི་གྲངས་༢༡༤བཅས་བྱུང་ཡོད་པ་བཀོད་འདུག
རྒྱ་གར་གཞུང་གི་འཕྲོད་བསྟེན་ལས་ཁུངས་འབྲེལ་ཡོད་ཀྱི་གྲངས་ཐོ་ལྟར་ན། རྒྱ་གར་ནང་ཕྱི་ཟླ་༡༠་ཚེས་༦་ཉིན་བར་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་གྲངས་༦༧༣༧༥༤༤་དང་། དེའི་ཁྲོད་ནད་པ་གྲངས་༡༠༤༡༧༩་འདས་གྲོངས་སུ་ཕྱིན་པ་དང་། ནད་པ་གྲངས་༥༧༡༨༨༠༢དྲག་སྐྱེས་བྱུང་ཡོད་འདུག
སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། ད་བར་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ཁྱབ་གདལ་ཕྱིན་ནས། འདི་ཚེས་༦་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་༣༥་དང་བརྒྱད་འབུམ་སུམ་ཁྲི་ལྷག་བྱུང་བའི་ཁྲོད། ནད་པ་མི་གྲངས་ས་ཡ་གཅིག་དང་ཁྲི་ལྔ་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པར། ད་སྐབས་ནད་པ་མང་ཤོས་ཨ་མི་རི་ཀ་དང་། རྒྱ་གར། བྷིར་ཛལ། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཀ པེ་རོའུ་སོགས་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎