ཡ་ཆེན་སྒར་ནས་ཕྱིར་ཕུད་བྱས་བའི་བཙུན་མ་ཞིག་གིས་རང་སྲོག་བཅད་འདུག

2020-02-14
གློག་འཕྲིན།
མཆན།
Share
པར་བཀོད།
ཡ་ཆེན་སྒར་གཏོར་བཤིག་མ་བཏང་སྔོན་དང་བཏང་ཟིན་པའི་རྗེས། ༢༠༡༩
ཡ་ཆེན་སྒར་གཏོར་བཤིག་མ་བཏང་སྔོན་དང་བཏང་ཟིན་པའི་རྗེས། ༢༠༡༩
བོད་འབྱོར། /RFA

རྒྱ་ནག་གི་འབྲེལ་ཡོད་ཚན་པས་སྔ་ལོར་ཡ་ཆེན་སྒར་ནས་ཕྱིར་ཕུད་བྱས་བའི་བཙུན་མ་ཞིག་གིས་རང་སྲོག་བཅད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡ་ཆེན་ས་ཁུལ་ནས་ཁུངས་ལྡན་གྱིས་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན། བཙུན་མ་དེ་ནི་ཡ་ཆེན་སྒར་ནས་སྔ་ལོ་རྒྱ་ནག་གཞུང་གིས་ཕྱིར་ཕུད་བྱས་ཏེ་སློབ་གསོའི་བསྒྱུར་བཀོད་རྭ་བའི་ནང་བཞག་པའི་བཙུན་མའི་གྲས་ཤིག་ཡིན་འདུག གནས་ཚུལ་མཁོ་སྤྲོད་པ་དེས་གསུངས་ན། བཙུན་མ་དེ་སློབ་གསོའི་བསྒྱུར་བཀོད་རྭ་བའི་ནང་བསམ་བློ་བཅོས་བསྒྱུར་གྱི་སློབ་ཁྲིད་སྐབས། གོང་རིམ་ནས་བཤད་པར་མི་ཉན་པར་རྟག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། དེའི་རྐྱེན་ཉེས་རྡུང་ཡང་སེ་ཕོགས་མཁན་གྲས་ཤིག་ཡིན་འདུག་ལ་སློབ་གསོའི་བསྒྱུར་བཀོད་རྭ་བའི་དགེ་རྒན་དང་དོ་དམ་པ། འགན་འཛིན་པ་ཚོས་མི་དགའ་བ་ཆེན་པོ་བྱ་ཡུལ་ཞིག་ཀྱང་ཡིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། སྔ་ལོར་བཙུན་མ་དེ་གཟུགས་གཞི་བདེ་མིན་གྱི་གནས་ཚུལ་གང་ཡང་མེད་པའི་ཐོག་ནས་སྨན་ཁང་དུ་སྐྱེལ་ཡོད་པ་དང་། སྨན་ཁང་ནང་སྨན་པ་ཚོས་སྤྲད་པའི་སྨན་མ་ཟས་པར་ངོ་རྒོལ་བྱས་པར་བརྟེན་སྨན་པ་ཚོས་ཀྱང་ཁོ་མོར་ཉེས་རྡུང་བཏང་པའི་དོན་རྐྱེན་བྱུང་འདུག དེ་འདྲའི་དབང་གིས་བཙུན་མ་དེ་སློབ་གསོ་བསྒྱུར་བཀོད་རྭ་བའི་ནང་སླར་ཡང་ཡོང་དགོས་པ་བརྗོད་འདུག་པར་བརྟེན། དེའི་དཀའ་སྡུག་མ་བཟོད་པར་རང་སྲོག་བཅད་པ་ཞིག་ཡིན་པ་དངོས་སུ་སློབ་གསོའི་བསྒྱུར་བཀོད་རྭ་བ་དེའི་ནང་འགྲོ་མྱོང་མཁན་ཡ་ཆེན་ནས་ཡིན་པའི་གནས་ཚུལ་འབྱུང་ཁུངས་དེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་ཡོད་པ་རེད། བཙུན་མ་ཁོང་ཆབ་མདོ་ཁུལ་འཇོ་མདའ་རྫོང་ནས་ཡིན་འདུག

ཡང་ཡ་ཆེན་སྒར་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་ལ། སྔ་ལོར་ཡ་ཆེན་ཆོས་སྒར་གཏོར་བཤིག་བཏང་པའི་རྗེས། འདི་ལོ་ཕྱི་ཟླ་ ༡ ་ཚེས་ ༡ ་དང་ ༢ ་སོགས་སུ་རྒྱ་མིའི་ཉེན་རྟོག་པ་མངོན་ཆུང་གི་ཐོག་ནས་མཚན་གུང་དགོན་པར་ཡོང་སྟེ། ཡ་ཆེན་སྒར་གྱི་ལས་སྣེ་གང་ཙམ་འཇུ་བཟུང་བྱས་ཡོད་འདུག་ལ། དེའི་ཁོངས་ནས་ཡ་ཆེན་སྒར་གྱི་ལས་སྣེ་བ་དགེ་འདུན་པ་བཞི་དགོན་པ་ནས་ཕྱིར་འབུད་བྱས་ཡོད་པ་བོད་ནས་མིང་འབོད་གནང་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པ་དེས་གསུངས་ཡོད་པར་མ་ཟད། ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་མ་བྱུང་སྔོན་ནས་ཡ་ཆེན་ས་གནས་སུ་དམ་དྲག་ཧ་ཅང་ཆེན་པོ་བཟོས་འདུག་ལ། ཡ་ཆེན་སྒར་ནས་ས་གནས་གཞན་དུ་འགྲོ་རྒྱུ་དང་ས་གནས་གཞན་ནས་ཡོང་རྒྱུའི་ཐད་བཀག་སྡོམ་ཆེ་བ་དང་། ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུའུ་སོགས་ལ་བསྐྱོད་སྐབས་ཀྱང་ཁ་པར་དང་སྐད་འཕྲིན་སོགས་བརྒྱུད་ཡ་ཆེན་དུ་པར་དང་བརྙན་པར་གཏོང་ལེན་མི་ཆོག་པ་བཟོས་ཡོད་འདུགསྔ་ལོ་ཕྱི་ཟླ་ ༥ ་དང་ ༦ ་ནང་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་རུ་གཏོར་བཤིག་གི་ལས་དོན་མ་བརྩམས་པའི་སྔོན་གྲྭ་བཙུན་བསྡོམས་ཆིག་ཁྲི་ ༡༠༠༠༠ ་ཙམ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། གཏོར་བཤིག་གི་ལས་དོན་སྤེལ་སྐབས་གྲྭ་བཙུན་བསྡོམས་དྲུག་སྟོང་ ༦༠༠༠་ནས་བདུན་སྟོང་ ༧༠༠༠ ་ཙམ་ཕྱིར་འབུད་བཏང་ཡོད་ཅིང་། དེ་དག་གི་ནང་ནས་མང་ཆེ་བ་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ས་གནས་ཁག་ནས་ཡིན་པ་རེད།སྔ་མོ་ཡ་ཆེན་སྒར་གྱི་གྲྭ་ཤག་བཏོར་གཤིག་གི་ལས་དོན་བརྩམ་པའི་སྐབས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་བྱུང་བར་གཞིགས་ན། ཡ་ཆེན་སྒར་གྱི་གྲྭ་ཤག་ཆིག་ཁྲི་གསུམ་སྟོང་ཙམ་ཡོད་པ་ཡིད་ཆེས་བྱེད་བཞིན་པ་ནས་གྲྭ་ཤག་སྔ་སྟོང་ནས་དྲུག་སྟོང་བར་རྩ་གཏོར་བྱས་ཡོད་པ་རེད།

 

མཆན། (0)
Share
དྲ་གནས་ཆ་ཚང༌།