རྩོད་རྙོག་འདུམ་སྒྲིག་ཟེར་ན་མི་སྒེར་གྱི་བསམ་བློ་གཏོང་ཕྱོཊ་དང་འབྲེལ་བ་ཡོད་པ།
བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་ཐོར་མར་གསར་འཛུགས་གནང་སྟེ་ལོ་ངོ་ ༢༥ འཁོར་བ་དང་བསྟུན། ལྟེ་གནས་ཁང་འདིས་ལོ་ངོ་ཉེར་ལྔ་རིང་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད། བོད་མིའི་སྤྱི་ཚོགས་ཙམ་མ་ཡིན་པར་མི་སྒེར་གྱི་འཚོ་བའི་ནང་བསམ་བློ་གཏོང་ཕྱོགས་སོགས་ཀྱི་ཐད་ལ་ཕན་རླབས་ཆེན་པོ་བྱུང་ཡོད་པ། ལྟེ་གནས་ཁང་དེ་དང་མཉམ་སྦྲེལ་གྱིས་ཕྱག་ལས་གནང་མཁན་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ཚན་པའི་ལས་བྱེད་རིན་ཆེན་ལགས་ཀྱིས། ལྟེ་གནས་ཁང་དེ་དང་ལྷན་ལས་ཀ་བྱེད་པའི་བརྒྱུད་རིམ་ཁྲོད། སྤྱིར་བཏང་རྩོད་རྙོག་ཟེར་དུས་ཆེན་པོ་ཞེ་དྲགས་བསམ་བློ་གཏོང་མི་དགོས་པར། ལྟེ་གནས་ཁང་དེས་མི་སྒེར་གྱི་ཉིན་རེའི་འཚོ་བ་སྐྱེལ་ཕྱོགས་དང་བསམ་བློ་གཏོང་ཕྱོགས་སོགས་ལ་ཁྱད་པར་ཆེན་པོ་འགྲོ་ཡི་ཡོད་པ་གསུངས་ཀྱི་འདུག
བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་ལས་བྱེད་ཚེ་བརྟན་ལགས་ཀྱིས། ཁོང་གི་ཚན་པའི་ནང་དུ་ཕྱག་ལས་གནང་མཁན་གྱི་བུད་མེད་རྣམས་དེ་སྔ་བཀའ་མོལ་ཉུང་ཉུང་གནང་མཁན་དང་། སྤྱི་ཚོགས་ནང་འབྲེལ་འདྲིས་ཞན་པ་ཁོ་ན་ཡིན་པས། རྩོད་རྙོག་འདུམ་སྒྲིག་གི་ཐབས་ལམ་འདྲ་མིན་གྱི་ཟབ་སྦྱོང་དེ་དག་དུས་ཡུན་ཐུང་ངུའི་རིང་ཡིན་ཡང་། དེས་ཟབ་སྦྱོང་ཚར་བའི་རྗེས་འགྱུར་བའི་རྣམ་པ་གསལ་པོ་རྟོགས་ཐུབ་ཀྱི་ཡོད་པ་གསུངས་ཀྱི་འདུག
རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་ཀྱིས། རྩོད་རྙོག་ཟེར་དུས་གཙོ་བོ་མི་རྣམས་ཀྱིས་བསམ་བློ་གཏོང་ཕྱོགས་དེ། རྩོད་རྙོག་ཁོ་ན་ཞི་ཐབས་ལ་དམིགས་པ་ལས་གང་ཟག་ལ་ལྟོས་མེད་བྱས་ཚེ། རྩོད་རྙོག་ཞི་ཐབས་ལ་ཕན་ཐོགས་ཆེན་པོ་བྱུང་ངེས་ཤིང་། བོད་པའི་སྤྱི་ཚོགས་ཁྲོད་རྩོད་རྙོག་འདི་དང་འདི་མང་ཤོས་རེད་འདུག་ཅེས་ཉམས་ཞིབ་གནང་པའི་གྲུབ་དོན་ཁ་གསལ་མེད་ཀྱང་། ས་ཁུལ་རེ་རེར་རྩོད་རྙོག་མི་འདྲ་བ་རེ་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རྩ་བའི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དེ་བཞིན་ཕྱི་ལོ་ ༢༠༠༡ ཟླ ༥ ཚེས་ ༡ ཉིན་བཞུགས་སྒར་རྡ་སར་གསར་འཛུགས་གནང་པ་ཞིག་རེད་འདུག་ཅིང་། ལྟེ་གནས་ཁང་དེ་བཞིན་ཐོག་མར་གསར་འཛུགས་སྐབས་བོད་པའི་སྤྱི་ཚོགས་ཁྲོད་དོ་སྣང་དང་ངོས་ལེན་དེ་ཙམ་བྱས་མེད་ཀྱང་། དེང་གི་ཆར་ལྟེ་གནས་ཁང་དེར་ཆེ་མཐོང་དང་། ཟབ་སྦྱོང་དགོས་པའི་རེ་སྐུལ་ཞུ་མཁན་མང་དག་ཡོད་པ་ལྟེ་གནས་ཁང་གི་འགོ་ལས་རྣམས་ཀྱིས་འགྲེལ་བརྗོད་གནང་གི་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
