ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་ ༧༠༠ ཧྲིལ་པོ་འཁོར་བ།

༧གོང་ས་མཆོག་གིས་ཁོང་ནི་བོད་དུ་བསྟན་འགྲོའི་དོན་རླབས་ཆེན་མཛད་མཁན་ཞིག་ཡིན་པར་རྗེས་དྲན་མཛད་པ།

ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་ ༧༠༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གངས་ཅན་གྱི་ལྗོངས་འདིར་བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་བཀྲིན་བླ་ལྷག་ཏུ་ཆེ་བ་ཞིག་ཡིན་པས། བླ་མའི་བྱིན་རླབས་སེམས་ལ་འཇུག་ཅིང་འགྲོ་དོན་འཕེལ་བའི་སྨོན་ལམ་ཞུ་ཞེས་བཀའ་བསྩལ་མཛད་འདུག

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་ ༧༠༠ ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་ཞིག་བཞུགས་སྒར་རྡ་རམ་ས་ལར་འཚོགས་སོང་བ་དང་། དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་ནི་རྗེ་ཙོང་ཁ་པའི་དབུ་བླ་ཐུན་མོང་མ་ཡིན་པས། ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་སོགས་བོད་གངས་ཅན་གྱི་ལྗོངས་འདིར་བསྟན་འགྲོའི་དོན་རླབས་ཆེན་མཛད་པའི་བཀྲིན་བླ་ལྷག་ཏུ་ཆེ་བ་ཞིག་ཡིན་ཞིང་། ད་ལམ་གྲུབ་ཆེན་སྐུ་བལྟམས་ནས་མི་ལོ་༧༠༠དུས་ཆེན་ཁྱད་པར་ཅན་དང་བསྟུན་སླེ་ལུང་སྤྲུལ་སྐུ་ནས་བཀའ་འབུམ་པར་སྐྲུན་དང་འབྲེལ། དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་ཡོད་པར་སློབ་མ་སྦྱིན་བདག་སྐུ་མགྲོན་དང་བཅས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། བླ་མའི་བྱིན་རླབས་སེམས་ལ་འཇུག་ཅིང་འགྲོ་དོན་འཕེལ་བའི་སྨོན་ལམ་ཞུ་ཞེ་གསུང་འཕྲིན་བསྩལ་འདུག

ཁོང་ནི་བོད་དུ་བསྟན་འགྲོའི་དོན་མཛད་མཁན་རླབས་ཆེན་ཞིག་ཡིན་པ་རྗེས་དྲན་ཞུས་པ། ༢༠༢༦།༧།༡
ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་བལྟམས་ནས་ལོ་ངོ་ ༧༠༠ ཧྲིལ་པོ་འཁོར་བ། ཁོང་ནི་བོད་དུ་བསྟན་འགྲོའི་དོན་མཛད་མཁན་རླབས་ཆེན་ཞིག་ཡིན་པ་རྗེས་དྲན་ཞུས་པ། ༢༠༢༦།༧།༡ (RFA Tibetan)

དེ་འབྲེལ་སླེ་ལུང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བླ་མའི་འཁྲུངས་སྐར་བསུ་ཡ་དང་དགོངས་རྫོགས་མཆོད་འབུལ་གྲུབ་རྒྱུ་དེ་བསོད་ནས་དཔག་ཏུ་མེད་པ་ཡོད་པས། རྩ་བའི་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་མཆོག་ནི་བོད་གངས་ཅན་གྱི་ལྗོངས་དང་ཡང་སྒོས་རི་བོ་དགེ་ལྡན་པར་བཀའ་དྲིནཤིན་ཏུ་ཆེ་བས། མི་མང་པོ་ཞིག་ལ་ཁོང་གི་ལོ་རྒྱུས་ཐད་རྒྱུས་མངའ་མེད་པས་གལ་ཏེ་ཤེས་རྟོགས་ཐུབ་པ་སོགས་བྱུང་ན་དགེ་མཚན་ཆེ་བར་གཟིགས་ནས་དུས་དྲན་སྲུང་བརྩི་འདི་ལྟར་ཞུ་རྒྱུའི་གྲ་སྒྲིག་གནང་ཡིན་ཞེས་དང་། ནམ་མཁའ་རྒྱལ་མཚན་མཆོག་ནི་ཤུད་པོའི་མི་རྒྱུད་དང་། ཡར་འདེད་ན་གཉའ་ཁྲི་བཙན་པོའི་རྒྱུད་པ་བཅས་རྒྱུད་པ་རྩ་ཆེན་པོ་ཡིན་ཞིང་།

མདོར་ན་རྗེ་རིན་པོ་ཆེ་རྒྱ་གར་ལ་མ་ཕེབས་རོགས་ཞེས་ཁོང་གིས་ཞུས་མེད་པ་ཡིན་ན་རི་བོ་དགེ་ལྡན་པའི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་མེད་པ་གསལ་པོ་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞན་ཡང་ཐེངས་འདིའི་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཙོ་བོར་གྱུར་བའི་བསྟན་བདག་བླ་ཆེན་རྣམ་པའི་གསུང་འཕྲིན་ཁག་ཅིག་ཕེབས་ཡོད་པ་སྒྲོག་སྦྱང་གནང་ཞིང་། སྐབས་དེར་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་ཀྱང་དུས་དྲན་སྲུང་བརྩིའི་གསུང་བཤད་གནང་སོང་ལ། སྐབས་དེར་ལྷོ་བྲག་གྲུབ་ཆེན་རིན་པོ་ཆེའི་རྣམ་ཐར་འགུལ་བརྙན་གཟིགས་འབུལ་ཞུས་སོང་།

རྩ་བའི་བཀའ་གདམས་བསྟན་པའི་སྲོལ་འབྱེད་རྗེ་རིན་པོ་ཆེའི་དབུ་བླ་ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་མཆོག་ནི། རབ་བྱུང་དྲུག་པའི་མེ་ཕོ་སྟག་ལོ་སྟེ་ཕྱི་ལོ་ ༡༣༢༦ ལོར་ལྷོ་བྲག་བན་པ་རུ་སྐུ་འཁྲུངས་ཤིང་། ཁོང་ནི་མཆོག་གྱུར་གྱི་བུ་སློབ་མང་དུ་བསྐྱངས་པའི་མཛད་པ་ལ་གྲགས་པ་ཆེ་བས། ཁོང་གི་བུ་ཆེན་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་བ་ནི། འཇམ་མགོན་ཙོང་ཁ་པ་བློ་བཟང་གྲགས་པ་ཡིན་པ་རེད་། ཁོང་གིས་བཀའ་གདམས་ཀྱི་ཆོས་སྐོར་དང་མན་ངག་གི་གདམས་པ་མཐའ་དག་རྗེ་རིན་པོ་ཆེར་གནང་སྟེ་སློབ་མའི་གཙོ་བོར་བཟུང་། ཁོང་ནི་བཀའ་གདམས་མན་ངག་པ་དང་བཀའ་གདམས་ལམ་རིམ་པའི་བརྒྱུད་པའི་གཙོ་བོ་ཞིག་ཡིན། ཁོང་གིས་བཀའ་གདམས་ཆུ་བོ་གཉིས་ཀྱི་རྒྱུན་མུ་མཐུད་དར་སྤེལ་མཛད་པ་དང་། ལམ་རིམ་བླ་མའི་བརྒྱུད་པའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད།

མཁན་ཆེན་ནམ་མཁའ་རྒྱལ་མཚན་མཆོག་དགུང་གྲངས་༧༧ལ་ཕེབས་སྐབས་ངོ་མཚར་བའི་ལྟས་དང་བཅས་ཏེ་ཞི་བར་གཤེགས་ཤིང་། ཁོང་གི་སྐུ་གདུང་ནི་ལྷོ་བྲག་འབུམ་པར་བཞུགས་ཡོད་པ་རེད་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།