སྔོན་བརྡ། གནས་ཚུལ་ཀློག་པ་པོ་ཁག་ཅིག་ལ་མི་བདེ་བ་ཡོང་སྲིད་པས་དགོངས་འཇཊ་ཞུ།
བཞུགས་སྒར་དུ་གནས་བཞུགས་མི་སྐྱ་དགུང་ལོ་ ༩༨ ཡིན་པ་ནོར་བུ་རྒྱལ་ལགས་འདས་གྲོངས་ཕྱིན་ཏེ་གཟའ་འཁོར་གཅིག་ལྷག་རིང་ཐུགས་དམ་ལ་བཞུགས་འདུག
ཁོང་གི་ཐུགས་དམ་དང་འབྲེལ་ནས་ཚ་བོ་རྟ་བྷེ་ལགས་ཀྱིས། མཛུབ་མོར་སྲོག་འཛིན་གྱི་རླུང་ཚད་འཇལ་བའི་འཕྲུལ་ཆས་ (oximeter) ནང་བལྟས་སྐབས་གསོན་པོར་བཞུགས་པ་ལྟར་ཕྲ་ཕུང་འགུལ་བ་ལྟ་བུར་སྣང་ཡོད་པ་དང་། ཞལ་རས་དང་སྐུའི་རྣམ་པ་བྱིས་པ་ཆུང་ཆུང་ལྟར་ཕྱིའི་སྣང་ཚུལ་གྱི་རྣམ་པ་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་གསུང་གི་འདུག
ཚ་བོ་རྟ་བྷེ་ལགས་ཀྱིས། ནོར་བུ་རྒྱལ་ལགས་ནི་སྤྱིར་བཏང་ནས་ལོ་བསྟུད་མར་ཁ་འདོན་དགེ་སྦྱོར་གནང་བཞུགས་མཁན་གྱི་ཕྱིའི་སྣང་ཚུལ་དུ་གང་ཟག་དཀྱུས་མ་གང་ཞིག་ཆོས་སེམས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་གསུངས་བྱུང་།

ནོར་བུ་རྒྱལ་ལགས་ཕྱི་ཟླ་ ༧ ཚེས་ ༡༦ ཉིན་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་དུ་དགོངས་པ་རྫོགས་པ་དང་། ཚན་རིག་སྨན་པའི་ལྟ་ཚུལ་ཐོག་ནས་ཁོང་དགོངས་པ་རྫོགས་ཟིན་པ་བདེ་ལེགས་སྨན་ཁང་གི་ཨེམ་རྗེ་བསྟན་འཛིན་མཚོ་མོ་ལགས་ཀྱིས་བསྒྲགས་པ་དང་། སྨན་པས་བརྟག་དཔྱད་སྐབས། ལག་པའི་རྩ་དང། སྙིང་གི་འཕར་ཚད། དབུགས་འབྱིན་རྔུབ་བྱེད་ཀྱི་ཡོད་མེད་སོགས་ལ་དཔྱད་ཞིབ་བྱས་རྗེས། སྲོག་ཡོད་པའི་རྣམ་པ་གང་ཡང་མེད་པར་བརྟེན་འདས་གྲོངས་སུ་གྱུར་ཟིན་པར་བསྒྲགས་པ་རེད་ཅེས་གསུང་གི་འདུག་ལ། སྨན་པས་གསུང་ཡག་ལ། གལ་ཏེ་མི་སུ་འདྲ་ཞིག་འདས་ཟིན་རྗེས་གནམ་གཤིས་དྲོ་བའི་སྐབས་སུ་ཆུ་ཚོད་ ༡༢ ནང་ཕུང་པོར་དྲི་མ་ངན་པ་བྲོ་རྒྱུ་འགོ་ཚུགས་ཤིང་། གནམ་གཤིས་གྲང་བའི་སྐབས་ཉིན་གཅིག་ནས་གཉིས་ནང་ཚུན་དུ་དྲི་བྲོ་རྒྱུ་འགོ་བཙུགས་ཀྱི་ཡོད་པ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
ཐུགས་དམ་ལ་ཚན་རིག་པའི་བརྟག་དཔྱད།
རྩ་བའི་བོད་བརྒྱུད་ནང་བསྟན་ཉམས་ལེན་པའི་སྤྱི་ཚོགས་ཁྲོད་ཆོས་བྱེད་མི་སྣ་དང་། ལུང་རྟོགས་ཀྱི་བསྟན་པར་ཉམས་ལེན་ཚད་མཐོར་སོན་པ་བླ་སྤྲུལ་དགེ་བཤེས་དང་རྣལ་འབྱོར་བ་སོགས་དགོངས་པ་རྫོགས་པའི་གནས་སྐབས་ཐུགས་དམ་བཞུགས་སྲོལ་ཡོད་པ་འདིར་ཚན་རིག་གི་ཕྱི་དངོས་པོའི་ཉམས་ཞིབ་ཀྱི་བརྒྱུད་རིམ་ཐོག་ནས་ཨ་རི་དང་སོག་ཡུལ་གྱི་ཚན་རིག་པས་འདིར་གྲུབ་དོན་བཙལ་འཚོལ་བྱེད་བཞིན་ཡོད་ཅིང་། ཚན་རིག་པ་གྲགས་ཅན་མང་པོས་མུ་མཐུད་བརྟག་དཔྱད་གནང་གཞིར་གྱུར་ཡོད་པ་རེད། ཐུགས་དམ་ཉམས་ཞིབ་ཀྱི་བརྒྱུད་རིམ་ནང་འབྲེལ་མཐུད་ཕྱག་རོགས་གནང་མྱོང་བ་སེར་བྱེས་ལྷ་རམས་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས། ལོ་མང་རིང་ཐུགས་དམ་དང་འབྲེལ་བའི་སྐོར་ཉམས་ཞིབ་གནང་ཐོག གང་ཟག་ཅིག་གིས་ཐུགས་དམ་དུ་བཞུགས་པ་དེས་མི་ཚང་མར་རྣལ་འབྱོར་བ་ཞིག་ཡིན་ན་དགའ་ཞིང་སྤྲོ་ཞིང་ཤི་དགོས་པའི་དམིགས་དཔེ་ཞིག་ཡིན་པ་འགྲེལ་བརྗོད་གནང་པ་དང་སྦྲགས། ཐུགས་དམ་ཟེར་བ་ནི་སྲོག་གི་རྒྱུད་པ་ཆད་ནས་གང་ཟག་དེ་འདས་ཟིན་ཡང་། རྣམ་ཤེས་ལུས་དང་ཁ་མ་བྲལ་བར་གནས་པར་ཐུགས་དམ་ཞེས་ཟེར་ཞིང་། ཉམས་ཞིབ་པས། ཐུགས་དམ་དུ་བཞུགས་པའི་གང་ཟག་གི་ཕྱིའི་རྣམ་པ་ནི། གང་ཟག་སུ་འདྲ་ཞིག་འདས་གྲོངས་ཕྱིན་པའི་རྗེས་ཉིན་གསུམ་གྱི་རྗེས་སུའང་ཕུང་པོ་ཁུམ་པ་དང་དཀྲག་མདངས་བརླག་པ་སོགས་མ་ཡིན་པར། ཕུང་པོའི་མདངས་མི་ཡལ་ཞིང་ཕུང་པོ་ནས་དྲི་ཞིམ་འཐུལ་བ། ཕར་བལྟས་ཚེ་མི་གསོན་པོ་ཞིག་ཙོག་གེར་སྡོད་ཡོད་པའི་ཚོར་བ་སོགས་ཡོང་གི་ཡོད་པ་གསུང་གི་འདུག་ལ། སྨན་པས་ (oximeter) ནང་བལྟས་སྐབས་མི་འདས་གྲོངས་སུ་གྱུར་ཚར་བའི་རྗེས་ད་དུང་ཡང་གསོན་པོ་ལྟར་དུ་རྟགས་མངོན་བཞིན་པ་ནི་ཚན་རིག་ཐོག་ནས་འགྲེལ་བརྗོད་མི་ཐུབ་པའི་ཡ་མཚན་ཞིག་ཏུ་ལྟ་བཞིན་ཡོད་པ་གསུང་གི་འདུག

ལུས་ཀྱི་རྣམ་ཤེས་ཕྲ་མོས་བྱ་བ་བྱེད་ཚུལ་གྱི་སྒོ་ནས་ཐུགས་དམ་ལའང་དངོས་རྫུན་གང་ཡིན་ཤེས་ཐབས་བྲལ་བས། དཔེར་ན་ཐུགས་དམ་རྟག་པོ་བ་ཟེར་བ་ཞིག་ཡོད་པ་ནི། སྐབས་རེ་གང་ཟག་དེ་ཤི་བའི་སྐབས་སུ་ཆགས་ཤེས་དབང་གིས་རྣམ་ཤེས་ལུས་ནས་མི་བྲལ་བ། ཞི་གནས་དང་ལྷག་མཐོང་ཤུགས་ཆེ་སྒོམ་རྐྱེན་སེམས་རྩེ་གཅིག་པ་ཤུགས་ཆེ་དྲགས་པའི་དབང་གིས་རྣམ་ཤེས་ལུས་ནས་མི་བྲལ་བ། མི་མ་ཡིན་གྱི་རྣམ་ཤེས་གང་ཟག་གི་ལུས་སུ་ཞུགས་ནས་རྣམ་ཤེས་ལུས་དང་མི་བྲལ་བ་སོགས་ཡང་བྱུང་གི་ཡོད་པས། ཐུགས་དམ་དངོས་ནི་གཙོ་བོ་ནང་གི་རྟགས་མཚན་ཏེ་གང་ཟག་དེས་གསང་སྔགས་ཀྱི་ཉམས་ལེན་མཐིལ་ཕྱིན་གནང་སྟེ། ངེས་པ་བརྟན་པོ་རྙེད་པ། བདེ་སྟོང་ངེས་གསུམ་ངོ་བོ་གཅིག་གི་གནས་སུ་བཞུགས་པ་ནི་ཐུགས་དམ་དངོས་དེ་ཡིན་པ་གསུང་གི་འདུག

ཐུགས་དམ་ཉམས་ཞིབ་ཀྱི་འགན་འཁུར་བཞེས་བཞིན་པ་སེར་བྱེས་ལྷ་རམས་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས། ཐུགས་དམ་ལ་དབྱེ་ན་ཉི་ཤུ་རྩ་གྲངས་མཇལ་མྱོང་ཡོད་པ་ངོ་སྤྲོད་གནང་པ་དང་སྦྲགས། གང་ཟག་ཅིག་ཐུགས་དམ་ལས་གྲོལ་ཚེ་ལམ་སེང་ཕུང་པོར་དྲི་མ་འཁོར་བ་དང་། ཕུང་པོའི་མདངས་དང་ཁ་མདོག་ལ་གསོན་ཤུགས་ཉམས་པའི་འགྱུར་བ་འགྲོ་བ་སོགས་ཡོང་གི་ཡོད་པས། ཐུགས་དམ་ལས་གྲོལ་མིན་ནི་གཙོ་བོ་ཕུང་པོའི་དྲི་མར་ལྟ་ཞིབ་བྱ་དགོས་པ་རེད་ཅེས་གསུང་གི་འདུག
པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
