“བོད་དུ་ཕྱིར་ལོག་བྱེད་རྒྱུའི་འདུན་པ་བཅངས་ཏེ་དྭང་སློབ་ཏུ་ཞུགས་ཡིན།”

ཐོག་མ་དམག་སྡེ་དེའི་ནང་འཛུལ་ཞུགས་སྐབས། བོད་དུ་ཕྱིར་ལོག་སྟེ་རྒྱ་ནག་ལ་འཐབ་འཛིང་བྱ་རྒྱུ་ལས་རྒྱ་གར་ནང་གཞིས་ཆགས་ནས་བསྡད་རྒྱུའི་སྣང་བ་ཙམ་ཡང་མེད་པ་གསུང་གི་འདུག

རྒྱ་གར་གྱི་དམག་སྡེའི་ཁོངས་དྭང་སློབ་དམག་སྡེ་ཨང་ ༢༢ ནང་དེ་སྔ་ཞུགས་པའི་དམག་ཟུར་རྣམས་ཀྱིས། ཐོག་མ་དམག་སྡེ་དེའི་ནང་འཛུལ་ཞུགས་སྐབས། བོད་དུ་ཕྱིར་ལོག་སྟེ་རྒྱ་ནག་ལ་འཐབ་འཛིང་བྱ་རྒྱུ་ལས་རྒྱ་གར་ནང་གཞིས་ཆགས་ནས་བསྡད་རྒྱུའི་སྣང་བ་ཙམ་ཡང་མེད་པ་གསུང་གི་འདུག

དེ་ཡང་ལྡེ་ར་ལྡུན་ལ་ཁན་ལྦ་ལ་ (Lakhanwala) བོད་མིའི་གཞིས་ཆགས་ནས་བོད་པའི་དམག་ཟུར་ ༡༡ ཙམ་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁར་བཅར་འདུག

རང་ལོ་ ༧༢ ཡིན་པ་བུ་ཆུང་ལགས་ཀྱིས་ལོ་ངོ་ ༣༤ རིང་དྭང་སློབ་ནང་ཕྱག་ལས་གནང་འདུག་ལ། ཁོང་ཐོག་མར་ཕྱི་ལོ་ ༡༩༧༣ ལོར་དམག་མིར་ཞུགས་པ་དེ་ཡང་། བོད་རང་བཙན་འཐབ་རྩོད་དང་རྒྱ་ནག་ལ་དམག་བརྒྱབ་ཀྱི་ཡིན་ཞེས་བསམ་བློར་འཁྱེར་ཏེ་དྭང་བླངས་ཀྱིས་འཛུལ་ཞུགས་བྱས་པ་ཞིག་ཡིན་ཞེས་གསུང་གི་འདུག་ལ། རྒྱ་གར་གྱི་དམག་ཁོངས་སུ་ཞུགས་ནས་དམག་ཆེ་ཆུང་མང་དག་ནང་མཉམ་ཞུགས་བྱས་པའི་རྐྱེན་གྱིས། བོད་མི་མང་པོ་ཞིག་དམག་སར་རྐང་ལག་ཆག་པ་སོགས་དབང་པོ་སྐྱོན་ཅན་དང་། མིག་དང་རྣ་བའི་བྱེད་ལས་ཞན་པོར་གྱུར་བ་སོགས་བྱུང་ཡོད་ཀྱང་། ཁོང་རྣམས་ཀྱིས་རྒྱལ་ཁབ་གཞན་གྱི་མིའི་འོག་དམག་བརྒྱབ་སྟེ་རེ་བ་ཞེ་དྲགས་བྱས་པ་ཡིན་ཞེས་གསུང་གི་འདུག གཞན་ཡང་ཁོང་གིས་བོད་པའི་གཞོན་སྐྱེས་རྣམས་ཀྱིས། བོད་ཀྱི་མ་འོངས་སོན་རྩ་ཡིན་པའི་ཆ་ནས་བོད་ཀྱི་རིག་གཞུང་སྐད་ཡིག་བཅས་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་འགན་ཆེན་པོ་ཡོད་པས་ཐུགས་བསམ་བཞེས་ནས་ལས་ཀ་བྱེད་དགོས་ཞེས་གསུང་གི་འདུག།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་མཚམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་དུ་སྒྲོན་པའི་པར། ༢༠༢༦།༩།༢༢
ལ་ཁན་ཝ་ལ་རུ་གནས་སྡོད་བོད་མི་དྭང་ཟུར་བཅུ་གཅིག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་མཚམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་དུ་སྒྲོན་པའི་པར། ༢༠༢༦།༩།༢༢ (RFA Tibetan)

རང་ལོ་ ༨༢ ཡིན་པ་སྟོབས་རྒྱས་ལགས་ཀྱིས། ལོ་ ༡༤ རིང་དམག་མིར་འཛུལ་ཞུགས་ཀྱིས་ཕྱག་ལས་གནང་འདུག་ལ། ཁོང་གིས་བརྗོད་དོན་དུ། དེ་སྔ་བོད་པའི་དྭང་སློབ་དམག་མི་རྣམས་སེམས་ཤུགས་ཆེན་པོ་ཞེ་དྲགས་ཡོད་པ་གང་ཞིག་ལ། དམག་དང་སློབ་སྦྱོང་གཉིས་ཀའི་ནང་བག་ཆགས་ཡག་པོ་བཞག་ཡོད་པར་བརྟེན། ད་ལྟའི་བོད་མི་དྭང་སློབ་དམག་གི་གནས་སྟངས་དང་ལྟ་ཕྱོགས་བཟང་པོ་ཆགས་ཡོད་པ་གསུང་གི་འདུག་ལ། ཁོང་དེ་སྔ་ཐོག་མར་དམག་མིར་ཞུགས་པ་ནི། རྒྱ་གར་དུ་མི་ཚེ་སྐྱེལ་ནས་སྡོད་རྒྱུའི་བསམ་བློ་གང་ཡང་མེད་ཅིང་། གཙོ་བོ་དམག་གི་སློབ་སྦྱོང་བྱས་ཏེ་བོད་ནང་ཕྱིར་ལོག་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་ཆེད་དུ་ཡིན་ཡང་། ལས་དབང་གིས་དེ་ལྟར་བྱུང་མ་ཐུབ་པར་རྒྱ་གར་ནང་ལུས་སོང་ཞེས་གསུངས་བྱུང་།

ལོ་ ༢༡ རིང་དྭང་སློབ་དམག་མིར་ཞུགས་པ་ཉི་མ་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་སྐལ་པ་བཟང་པོ་བྱུང་ཞིང་། ད་ནི་ཤི་ན་ཡང་འགྱོད་པ་མེད་ཅེས་གསུང་གི་འདུག་ལ། ལོ་ ༣༢ རིང་དམག་མིར་ཞུགས་པ་ཚེ་རིང་འབྲུག་གྲགས་ལགས་ཀྱིས། མཇལ་ཁ་ཐོབ་པར་སྤྲོ་སྣང་འགྲེལ་བརྗོད་དང་སྦྲགས། རྒྱ་གར་གྱི་དྭང་སློབ་དམག་སྒར་དུ་ལོ་ ༣༢ ཞུགས་པ་དེས་རྒྱ་གར་དང་བོད་གཉིས་ཀར་ཞབས་འདེགས་རླབས་ཆེན་ཞུས་ཡོད་པའི་ཚོར་བ་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྩ་བའི་ཕྱི་ལོ་ ༢༠༢༠ ལོ་དཀྱིལ་དུ་ལ་དྭགས་ས་ཁུལ་དུ་རྒྱ་གར་དང་རྒྱ་ནག་དབར་མཐའ་མཚམས་ཐད་རྩོད་རྙོག་རིམ་པར་བྱུང་ཡོད་པའི་ཁྲོད། རྒྱ་གར་གྱི་དམག་སྡེའི་ཁོངས་སྡེ་ཁག་ ༢༢ དམག་སྡེ་ཡང་མཐའ་སྲུང་ཆེད་རྒྱ་གར་གཞུང་གིས་ལ་དྭགས་སུ་འགྲེམས་འཇོག་བྱས་པའི་ཁྲོད། རང་ལོ་ ༣༣ ཙམ་དམག་མིར་ཞུགས་ཤིང་སྐབས་དེར་མེ་ཏོག་གཉིས་ཅན་གྱི་གོ་གནས་ཡོད་པའི་བོད་རིགས་ཉི་མ་བསྟན་འཛིན་ལགས་མཐའ་མཚམས་ས་ཁུལ་དུ། སྐོར་སྲུང་བྱེད་པའི་སྐབས་རྐྱེན་འདས་སུ་ཕྱིན་པའི་རྗེས། རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་མིའི་དམག་སྡེ་དེ་བཞིན་ཡོད་པ་རྒྱ་ཁྱབ་ཏུ་ཕྱིན་ཡོད་པ་རེད་ལ། དེའི་རྗེས་ཕྱི་ལོ་ ༢༠༢༡ ལོར་བོད་མི་དྭང་སློབ་རུ་ཁག་ཨང་ ༢༢ པའི་དྭང་ཞབས་པ་ཉི་མ་ཚེ་རིང་ལགས་ཀྱིས་ལ་དྭགས་ཤར་ཕྱོགས་ཁུལ་དུ། རྒྱ་མིའི་བཙན་འཛུལ་དཔུང་དམག་ལ་ཁ་གཏད་གདོང་ལེན་བྱེད་པའི་གངས་གཟིག་གམ་ (Snow Leopard Operation) འཐབ་རྒོལ་ནང་ཞུགས་པར། དཔའ་ངར་ལྡན་པའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཐོབ་ཡོད་པ་རེད་ལ། དེ་ནི་རྒྱ་གར་གཞུང་གིས་རྒྱ་གར་གྱི་དམག་དཔུང་ཁོངས་སུ་གཏོགས་པའི་བོད་མིའི་དམག་སྡེ་འདིར་ཡོངས་གྲགས་ཀྱི་ངོས་འཛིན་གནང་པ་ཐོག་མ་དེ་ཡིན་པ་ངོས་འཛིན་བྱེད་ཀྱི་འདུག

རྩ་བའི་དྭང་སློབ་དམག་སྡེ་ཨང་ ༢༢ ཞེས་པ་དེ་ནི་ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་གྱི་སྲིད་བློན་དམ་པ་ནེཧ་རུ་མཆོག་གིས་དམིགས་བསལ་དཔུང་དམག་གི་སྡེ་ཚན་དེ་ཆེད་བཙུགས་གནང་པ་རེད་འདུག་ལ། ཐོག་མར་བོད་པ་ཁེ་རྐྱང་གི་གསང་བའི་དམག་དཔུང་སྒྲིག་འཛུགས་ཤིག་ཡིན་འདུག་ཀྱང་། ཕྱིས་སུ་བལ་ཡུལ་གྱི་གོར་ཁའི་དམག་མི་ཡང་གསར་འཇུག་བྱེད་ཡོད། དམག་མི་དེ་དག་ས་མཐོ་པོ་དང་གནམ་གཤིས་གྲངས་ངར་ཆེན་པོ་འོག་འཚོ་གནས་ཐུབ་རྒྱུར་དམིགས་བསལ་ལུས་ཕུང་གི་ནུས་པ་ཡོད་པར་བརྟེན། རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་གྱི་འགན་འཁུར་དང་། བྷང་ལ་དེཤ་དམག་འཁྲུགས་ཀྱིས་གཙོས་པའི་ཀར་གྷིལ་དམག་འཁྲུག་དང་། རྒྱ་ནག་ལ་ཁ་གཏད་ཀྱིས་མཐའ་མཚམས་སྲུང་སྐྱོབ་གདོང་ལེན་སོགས་རིམ་པར་བྱས་ཡོད་པ་རེད།

རྒྱ་གར་གྱི་མཐའ་སྲུང་དམག་སྡེའི་རུ་སྒྲིག་བྱེད་བཞིན་པ།
རྒྱ་གར་གྱི་མཐའ་སྲུང་དམག་སྡེ། རྒྱ་གར་གྱི་མཐའ་སྲུང་དམག་སྡེའི་རུ་སྒྲིག་བྱེད་བཞིན་པ། (AFP)

དེ་འབྲེལ་རྒྱ་ནག་ཕྱོགས་ནས་ཀྱང་། ལོ་མང་པོའི་སྔོན་ནས་བོད་རིགས་རྒྱ་ནག་དམག་མིར་ཞུགས་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པའི་སྐབས་འདིར། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡ ནས་བཟུང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༥ ལོའི་རྒྱལ་ཡོངས་དམག་བསྡུའི་ལས་འགུལ་ཞེས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་གང་སར་དམག་བསྡུའི་ལས་འགུལ་དང་འབྲེལ། བོད་མི་ཚོ་ལོ་ན་ ༡༨ སོན་ནས་དམག་བསྡུའི་ནང་མ་ཞུགས་ཚེ་ཁྱིམ་ཐོ་དང་ཐོབ་ཐང་དཔང་ཡིག་སོགས་ནས་ནག་བསུབ་བཏང་སྟེ། ཁྲིམས་འགལ་གྱི་མིང་ཐོ་ནག་པོའི་ནང་བཅུག་སྟེ་རྒྱལ་ཁབ་ལ་བློ་དཀར་མིན་པའི་མི་སྣ་བཟོ་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་བཞིན་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་གསུམ་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།