༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་དང་ལ་དྭགས་བར་གྱི་འབྲེལ་བ།

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཤད་མ་བྱེད་པ་ནི་སྐྱོ་བོ་རེད་ཅེས་པདྨ་མཁའ་འགྲོ་ལགས་ཀྱིས་གསུངས་པ།

༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་དང་ལ་དྭགས་བར་གྱི་འབྲེལ་བ།

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་༧སྐུ་ཕྲེང་ ༡༠ ཆེན་པོ་སྐུ་འཚོ་བཞུགས་སྐབས་ཀྱི་སྐུ་ཚབ་གནང་གི་ཡོད་པ་ཨམ་མདོའི་ཨ་ལག་ཞེས་པའི་མཚན་གནས་བཞེས་མཁན་མང་ཆེ་བ་ཞིག་ལ་དྭགས་སྟག་མོ་ཁང་མཚན་ནས་ཆག་གི་ཡོད་པ་དང་དེ་དུས་དགེ་འདུན་པ་མང་པོ་ཨ་ལགས་གནང་རྗེས་ལ་དྭགས་སུ་ཕྱིར་ལོག་ཕེབས་སྐབས་ཨ་ལགས་གནང་རིང་གི་ཡིག་ཆ་གལ་ཆེན་གཙོས་སྐུ་ཆས་མང་དག་ཅིག་དགེ་འདུན་པ་རྣམས་ཀྱིས་མ་དགོན་སོ་སོར་སྐུ་གསུང་ཐུགས་རྟེན་མང་པོ་བསྣམས་ཕེབས་ཀྱི་ཡོད་པ་མང་པོ་ཞིག་དེང་སང་གི་དུས་སུ་ལ་དྭགས་ཀྱི་དགོན་པ་མང་པོའི་རྟེན་གཙོ་རྩ་ཆེན་ཀྱི་ཁྲོད་བཞུགས་ཡོད་པ་རེད་འདུག

ཁྲིག་སེ་དགོན་དང་བཀྲིས་ལྷུན་པོའི་འབྲེལ་བ།

ལ་དྭགས་ཁྲིག་སེ་དགོན་པའི་ཕྱག་མཛོད་རྒན་བློ་བཟང་ཆོས་གྲགས་ལགས་ཀྱིས་ཆུང་དུས་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་དུས་བོད་ཀྱི་གདན་ས་བཀྲིས་ལྷུན་པོར་སློབ་གཉེར་གནང་པར་ཕེབས་ཡོད་པའི་དྲན་རྟེན་དུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཐོག་གོང་མ་སྐུ་གཟུགས་སྟོབས་ཤུགས་ཆེ་ཤིང་ཤིན་ཏུ་ཐུགས་དྲུང་པོ་ཡོད་པ་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ན་རིམ་གྱི་སྐུ་དུས་ནས་ལ་དྭགས་ཀྱི་ཁྲིག་སེ་དགོན་པར་བོད་ཀྱི་གདན་ས་བཀྲིས་ལྷུན་པོ་ནས་བསྣམས་ཕེབས་པའི་རྟེན་རྩ་ཆེན་མང་པོ་བཞུགས་ཡོད་པའི་སྐོར་ལ་རྒན་བློ་བཟང་ཆོས་གྲགས་ལགས་ཀྱི་དང་ཐོག་ཁྲིག་སེ་དགོན་པའི་གན་ཇི་ར་དང་། ཡང་ཐང་ག་ཞིག་གི་ཐོག་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཕྱག་རིས་འཁོད་པ། ཡང་དགོན་པའི་ལྡེབས་རིས་སུ་བོད་བཀྲིས་ལྷུན་པོའི་ཐང་བྲིས་ཀྱི་བཀོད་པ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པ་རེ་རེ་བཞིན་འགྲེལ་བརྗོད་གནང་བྱུང་།

ཁྲིག་སེ་དགོན་པའི་ལྡེབས་རིས་སུ་བཀོད་པའི་བཀྲིས་ལྷུན་པོ་དགོན་པའི་བཀོད་པ།
ཁྲིག་སེ་དགོན་པའི་ལྡེབས་རིས། ཁྲིག་སེ་དགོན་པའི་ལྡེབས་རིས་སུ་བཀོད་པའི་བཀྲིས་ལྷུན་པོ་དགོན་པའི་བཀོད་པ། (RFA Tibetan)

དཔེ་ཐུབ་དགོན་དང་༧ཀུན་གཟིཊ་པཎ་ཆེན་རིན་པོ་ཆེའི་འབྲེལ་བ།

ཡང་ལ་དྭགས་དཔེ་ཐུབ་དགོན་པར་རྟེན་རྩ་ཆེན་མང་པོ་མཇལ་རྒྱུ་ཡོད་པའི་ཁྲོད་དམིགས་བསལ་༧ཀུན་གཟིགས་པཎ་ཆེན་རིམ་བྱོན་གྱིས་ལ་དྭགས་སུ་བསྐུར་གནང་བ་དང་ལམ་སྟོན་འོག་རྟེན་འདྲ་མིན་བཞེངས་པའི་ཁྲོད་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་དང་དྲུག་པའི་སྐུ་བརྙན་མཇལ་རྒྱུ་འདུག་ལ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༩ པའི་སྐུ་པར། ཡང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༦ དཔལ་ལྡན་ཡེ་ཤེས་མཆོག་གིས་བསྐུར་གནང་བ་ཆོས་རྒྱལ་ཡབ་ཡུམ་གཉིས་ཀྱི་ཞལ་འབག་མཇལ་རྒྱུ་འདུག ཞལ་འབག་གི་སྤྱན་དང་ཤང་གི་བར་ལ་རིན་པོ་ཆེ་མཆོག་གིས་ཕྱག་གནས་གནང་བ་དག་ད་དུང་ཡང་མཇལ་རྒྱུ་འདུག

པཎ་ཆེན་སྐུ་ཕྲེང་ ༦  དཔལ་ལྡན་ཡེ་ཤེས་མཆོག་གིས་གནང་པའི་ཆོས་རྒྱལ་ཡབ་ཡུམ་གཉིས་ཀྱི་ཞལ་འབག
པཎ་ཆེན་སྐུ་ཕྲེང་ ༦ པས་གནང་པའི་འབག པཎ་ཆེན་སྐུ་ཕྲེང་ ༦ དཔལ་ལྡན་ཡེ་ཤེས་མཆོག་གིས་གནང་པའི་ཆོས་རྒྱལ་ཡབ་ཡུམ་གཉིས་ཀྱི་ཞལ་འབག (RFA Tibetan)

དེ་མིན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བསྐུར་གནང་བའི་ལྕམ་སྲིང་གི་སྐུ་ཐང་ཞིག་དང་། ཡང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཐོག་ཅིག་གི་ཤངས་ཁྲག་ལས་གྲུབ་པའི་རི་མོ་འབྲི་བའི་ཐང་ག་ཞིག་བོད་ནས་གདན་འདྲེན་ཞུས་ཡོད་པ། ཡང་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༩ ཆོས་ཀྱི་ཉི་མས་གནང་བའི་གཏོར་དག་སྐབས་སུ་དགོན་པའི་དགེ་འདུན་ནས་བསྣམས་ཀྱི་ཡོད་པ་གནང་རྟེན་རྒྱན་དྲུག་བསྐུར་ཡོད་པ་དེ་དག་བཞུགས་ཡོད་པ་དཔེ་ཐུབ་དགོན་དགའ་ལྡན་དར་རྒྱས་གླིང་གི་དགེ་འདུན་ཡིན་པ་རྒན་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་། རྒན་ལགས་ཀྱི་མུ་འཐུད་དུ་ཁོང་གི་སྤོ་སྤོ་ཡིན་པ་དཀའ་ཆེན་རིག་འཛིན་ལགས་ཕྱི་ལོ་ ༡༩༨༠ ཡན་མན་ནང་ཁོང་བོད་ལ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མཇལ་དུ་ཕེབས་ཡོད་པའི་སྐོར་གསུངས་བྱུང་། དེ་ཡང་ཁོང་གིས་གསུངས་དོན་དུ། “ང་ལ་ཆུང་དུས་སུ་ངའི་སྤོ་སྤོ་ལགས་ཀྱི་གསུངས་མྱོང་ཡོད། ང་བོད་ལ་འགྲོ་འདོད་འདུག ང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཡིན་གཅིག་མིན་གཅིག་མཇལ་དགོས་འདུག དེའི་རྗེས་ང་ཤི་ནའང་འགྱོད་པ་མེད་གསུངས་ཀྱི་རེད། རྗེས་སུ་སྤོ་སྤོ་ལགས་བལ་ཡུལ་གྱི་བརྒྱུད་ནས་བོད་ཀྱི་གདན་ས་བཀྲིས་ལྷུན་པོར་འབྱོར་རྗེས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཁམས་ཕྱོགས་སུ་བཞུགས་ཡོད་པ་ཤེས་རྟོགས་བྱུང་རྗེས་ཁམས་ཕྱོགས་སུ་ཕེབས་ནས་རིན་པོ་ཆེ་མཆོག་མཇལ་རྗེས་ལ་དྭགས་དཔེ་ཐུབ་དགོན་ནས་ཡིན་ཞེས་ཞུས་དུས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་༧སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་མཆོག་གི་སྐོར་བཀའ་འདྲི་གནང་ཞིང་། བ་ཀུ་ལ་རིན་པོ་ཆེ་མཆོག་གིས་ཕྱག་བྲིས་བསྐུར་མ་བྱུང་ངམ་ཞེས་བཀའ་འདྲི་གནང་ཡོད་པ་གསུངས་བྱུང་ལ། དེ་དུས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ངའི་སྤོ་སྤོར་སྦྱིན་རླབས་ཀྱི་ཚུལ་དུ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༩ དང་ ༡༠ པའི་སྐུ་པར་ཞིག་གནང་འདུག་ཅེས་གསུངས་བྱུང་།

ཡང་དཔེ་ཐུབ་དགོན་པའི་ནང་༧རྒྱལ་མཆོག་༧སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་འདྲ་ཞིག་མཇལ་རྒྱུ་ཡོད་པ་ནི་༧ཀུན་གཟིགས་པཎ་ཆེན་སྐུ་ཐོག་གོང་མས་ལམ་སྟོན་འོག་དཔེ་ཐུབ་དགོན་པར་སྒྲ་རྒྱུན་འཕེལ་ཕྱིར་༧སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེས་བཞེངས་ཡོད་པ་དཔེ་ཐུབ་དགོན་གྱི་དགེ་བཤེས་འཇིགས་མེད་རྡོ་རྗེ་ལགས་ཀྱིས་གསུངས་བྱུང་། ལ་དྭགས་ས་གནས་སུ་གཞན་ཀླུ་འཁྱིལ་དགོན། ནུབ་ར་བདེ་སྐྱིད་དགོན། ཡང་ཧེ་མིསི་དགོན་བཅས་སུ་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་བསྩལ་བའི་རྟེན་རྩ་ཆེན་མང་པོ་མཇལ་རྒྱུ་ཡོད་པ་རེད་འདུག

པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་ཏེ་ལོ་ ༣༡ འཁོར་བ།

ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ངོས་འཛིན་གནང་བའི་གསལ་བསྒྲགས་བསྐྱངས་པའི་ཉིན་གསུམ་གྱི་རྗེས་ལ་རྒྱ་ནག་གཞུང་གིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་རེད། དེ་འབྲེལ་འཛམ་གླིང་ཕྱོགས་སྡེ་ཁག་འདྲ་མིན་ནས་ཚོགས་སྒེར་མང་པོས་རྒྱ་ནག་གཞུང་གི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་ཐོངས་དགོས་པའི་དགོས་འདུན་བཏོན་དང་འདོན་བཞིན་ཡོད་པ་རེད། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ལ་དེ་སྐོར་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་གིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བཞེས་དང་བཅས་པའི་སྐོར་ལ་གླེང་གི་མེད་པ་ནི་ཐབས་སྐྱོ་པོ་ཡིན་པ་གསུངས་བྱུང་།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་བཞིན་པ། ༢༠༢༦།༥།༣
པདྨ་མཁའ་འགྲོ་མཆོག ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་བཞིན་པ། ༢༠༢༦།༥།༣ (RFA Tibetan)

དེ་ཡང་ཁོང་གིས་གསུངས་དོན་དུ། རྒྱ་ནག་གཞུང་གིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐོར་ལ་གནས་ཚུལ་དངོས་དེ་མ་སྟོན་པ་ནི་ཐབས་སྐྱོ་བོ་ཞིག་ཡིན་པ་རེད། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ད་ཆ་དགུང་ལོ་ ༣༧ ལ་ཕེབས་ཡོད་རེད། ཡང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བཞེས་དང་སྤྱི་ཡོངས་ཀྱི་གནས་སྟངས་སྐོར་གླེང་དགོས་རེད་བསམ་གྱི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།།

པར་ལེན་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན།