༧གོང་ས་མཆོག་གིས་ཐེངས་དང་པོར་ཨ་རིའི་ནང་བོད་ཀྱི་ལོ་གསར་རོལ་རྒྱུ།


2014.02.28
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག ་བོད་ཤིང་རྟ་ལོའི་ལོ་གསར་
པར། སྒྲིག་སྦྱོར་བྱས་བ།

༧གོང་ས་མཆོག་ཨ་མི་རི་ཀའི་བོད་མི་ཚོའི་བོད་ཤིང་རྟ་ལོའི་ལོ་གསར་གྱི་མཛད་སྒོར་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་རེད།
དེ་ཡང་༧གོང་ས་མཆོག་སྤྱི་ཟླ་༣པའི་ཚེས༡ཉིན་ཨ་མི་རི་ཀའི་མངའ་སྡེ་Minisotaནང་གི་གྲོང་ཁྱེར་Minneapolisནང་འཛམ་གླིང་གི་མཚན་སྙན་ཆེ་བའི་Nobelཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་བགྲོ་གླེང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་རྒྱུ་དང། ཕྱི་ཚེས་༢ ཉིན་བོད་རྒྱལ་ལོ་༢༠༤༡རབ་གནས་ཤིང་རྟ་ཚེས་ཤར་གྱི་སྔ་དྲོར་ཁུལ་དེའི་བོད་མི་ཚོའི་ལོ་གསར་གྱི་མཛད་སྒོར་ཆིབས་བསྒྱུར་མཛད་གནང་རྒྱུ་ཡིན་པ་རེད། མཛད་འཆར་ལྟར་ན། སྤྱི་ཚེས་༢་བོད་ཀྱི་ལོ་གསར་ཚེས་༡ཉིན་ཨ་རིའི་ཤར་ཕྱོགས་༼རྒྱལ་ས་ཝ་ཤིན་ཀྲོན༽་ཀྱི་སྔ་དྲོའི་དུས་ཚོད་༩་བ་ནས་མཛད་སྒོ་དབུ་འཛུགས་གནང་རྒྱུ་ཡིན་པ་དང་། ཆུ་ཚོད་༡༡ཡོལ་ཙམ་ལ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བཀའ་སློབ་གནང་རྒྱུ་ཡིན་པ་རེད། ད་དུང་སྐབས་དེར་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་དང་། ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་ཡང་མཉམ་ཞུགས་བྱས་ནས་གཏམ་བཤད་གནང་རྒྱུ་ཡིན་པ་མ་ཟད། སྐབས་དེའི་མཛད་རིམ་ཁག་དྲ་ལམ་བརྒྱུད་ནས་ཐད་གཏོང་བྱེད་རྒྱུ་ཡིན་པ་རེད་འདུག

ཉིན་གུང་རྒྱབ་ཏུ་༧གོང་ས་མཆོག་གིས་བདེ་སྐྱིད་ཀྱི་རང་གཤིས་དང། དེའི་མཐར་ཐུག་གི་འབྲས་བུ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་སོགས་ཀྱི་མཛད་འཆར་གྲུབ་པའི་རྗེས་བསྐྱར་དུ་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཆིབས་བསྒྱུར་མཛད་གནང་ནས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་མཇལ་འཕྲད་གནང་རྒྱུ་དང། ཕྱི་ཚེས་༧ ཉིན་ཡེ་ཤུའི་ཆོས་ཁང་ཆེན་མོའི་ནང་ཆོས་ལུགས་བྱེ་བྲག་གཅིག་ཁོ་ན་མ་ཡིན་པའི་འཇིག་རྟེན་ཀུན་ལ་ཁྱབ་པའི་ཡ་རབས་བཟང་པོའི་སྤྱོད་པ་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་གནང་རྒྱུ་ཡིན་པ་རེད་འདུག

ལོ་གསར་སྐབས་ཀྱི་མཛད་རིམ་ཐད་གཏོང་བྱེད་སའི་དྲ་གནས་གཤམ་གསལ།

http://www.livestream.com/augsburgcollege?utm_source=Isplayer&utm_medium=embed&utm_campaign=footerlinks.

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎