བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༩ ཉིན་ལ་དྭགས་ཏོག་ཡུལ་དུ་བཞུགས་པའི་སྟོན་པའི་སྣང་བརྙན་ལ་གནས་གཟིགས་སླད་ཆིབས་བསྒྱུར་བསྐྱངས་གནང་མཛད་ཅིང་། ཡུལ་པ་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་ལ་མ་ཎི་ཡིག་དྲུག་དང་སྟོན་པའི་གཟུངས་སྔགས་གི་ལྗགས་ལུང་བསྩལ་གནང་མཛད་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཏོག་ཡུལ་དུ་བླང་དོར་གྱི་བཀའ་སློབ་གནང་པའི་ནང་དུ། ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་དེང་གི་དུས་སུ་ཕྱིའི་རྒྱལ་ཁབ་དང་དེ་བཞིན་ཚན་རིག་པ་ཚོས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པར་ང་ཚོའི་མེས་པོའི་དུས་ནས་ཡོད་པའི་ཆོས་དེ་ལ་དད་པ་ཅིག་པོ་མིན་པར་ཤེས་རབ་གྲོགས་སུ་བཟུང་ནས་སེམས་པ་བཟང་པོ་བྱེད་དགོས་པའི་སྐོར་བཀའ་སློབ་བསྩལ་གནང་མཛད་སོང་། ལ་དྭགས་ཏོག་ཡུལ་གྱི་དམག་ཟུར་ཚོགས་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དམག་མིའི་སྒྲིག་སྲོལ་ལྟར་གུས་བཀུར་ཆེ་བསྟོད་ཀྱི་འཚམས་འདྲི་ཞུས་སོང་པ་དང་། དེའི་སྐོར་ཚོགས་པའི་ཚོགས་གཙོ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་དོན་དུ། འདི་ང་ཚོ་དམག་མིའི་སྐབས་ཀྱི་ལུགས་སྲོལ་ལྟར་སོ་སོའི་རྩ་བའི་བླ་མར་ཆེ་བསྟོད་ཞུས་པ་ཡིན། ང་ཚོ་ཏོག་ཡུལ་དུ་དམག་ཟུར་མི་གྲངས་ ༡༡༨ ཡོད། ད་རེས་ཕེབས་བསུའི་གྲ་སྒྲིག་གཙོ་བོ་དེ་ང་ཚོ་དམག་མི་ཟུར་པ་ཚང་མས་ཞུས་པ་ཡིན། ང་ཚོའི་ཏོག་ཡུལ་དུ་ཡིད་བཞིན་ནོར་བུ་དངོས་སུ་ཆིབས་སྒྱུར་བསྐྱངས་པར་ང་ཚོ་ཏོག་ཡུལ་མི་ཚང་མ་སེམས་པ་དགའ་པོ་དང་སྐྱིད་པོ་རེད། བསོད་བདེ་ཆེན་པོ་ཚོར་གྱི་འདུག འོན་ཀྱང་གཙོ་བོ་དེ་སེམས་པ་གཙང་མ་བྱེད་དགོས་པ་དེ་གལ་ཆེ་ཤོས་ཡིན་ཞེས་བཀའ་སློབ་ཕེབས་ཀྱི་འདུག སེམས་པ་གཙང་མ་བྱེད་ན་༧རྒྱལ་བ་རིན་པོ་ཆེ་ཐུགས་དགྱེས་གཉེས་ཡོང་གི་རེད། ༧རྒྱལ་བ་རིན་པོ་ཆེ་ལ་ཕེབས་བསུའི་གྲ་སྒྲིག་ང་ཚོ་དང་ཏོག་ཡུལ་པ། ཡང་ཏོག་ཕན་བདེ་ཚོགས་པ་བཅས་ནས་གོ་སྒྲིག་ཞུས་པ་ཡིན་ཞེས་གསུངས་བྱུང་།

ཏོག་ཡུལ་དུ་བཞུགས་པའི་སྟོན་པའི་སྐུ་བརྙན་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལ་ ༢༠༡༦ ལོར་དབུ་དབྱེད་རབ་གནས་བསྐྱངས་པ་དང་། ད་རེས་གནས་གཟིགས་ལ་ཆིབས་སྒྱུར་གནང་པ་ནི་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་རེད།
ཏོག་གི་ཡུལ་མི་ཚེ་དབང་རྡོ་རྗེ་ལགས་ཀྱིས། ༧མགོན་པོ་མཆོག་ལ་ཕེབས་བསུ་ཞུ་བར་ཁོང་རང་གི་སྲོལ་རྒྱུན་གྱི་ཆས་གོས་ཆ་ཚང་ཞིག་གྱོན་ནས་རྒྱན་ཆ་རྣམས་ལ་བྱིན་རླབས་ཐོབ་ཕྱིར་དམིགས་པ་དང་༧མགོན་པོ་མཆོག་ཆིབས་སྒྱུར་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོས་རྗེས་དགའ་སེམས་འཁོལ་བའི་མིག་ཆུས་ཁེངས་བྱུང་ཞེས་གསུངས་བྱུང་།
ཡང་དྲིན་ཆེན་རྩ་བའི་བླ་མ་འདི་རུ་ཕེབས་པར་བཀའ་དྲིན་ཆེན་པོ་བྱུང་པ་དང་མིའི་མི་ཚེ་ཟེར་མཁན་ག་ཚོད་གནས་ཐུབ་ཀྱི་རེད། དེའི་ནང་ནས་༧རྒྱལ་བ་རིན་པོ་ཆེ་མཇལ་རྒྱུ་བྱུང་མིན་བསམ་བློ་གཏོང་དགོས་པ་ཡིན་དུས། ད་ཆ་ལོ་ན་ཆེན་པོར་སླེབས་པར་སྐྱིད་པོ་དཔེ་ཡོད་པ། ད་སོ་སོ་ཅིག་པོ་མིན་པར་ཡུལ་མི་གང་པོར་བྱིན་རླབས་ཐོབ་བྱུང་ཅེས་ཚེ་རིང་ཆོས་སྒྲོན་ལགས་ཀྱིས་གསུངས་བྱུང་།
སྟོན་པའི་སྐུ་དེ་བཞིན་༧རྒྱལ་བའི་ཕོ་བྲང་ནས་ཐད་ཀར་མཇལ་གྱི་ཡོད་དུས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་གཟིགས་ལ་ཕེབས་རྒྱུར་སྨོན་ལམ་འདེབས་བཞིན་ཡོད་པ་ཏོག་གི་ཡུལ་པ་ཚོས་བརྗོད་བྱུང་།།
པར་ལེན་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན།
