༧གོང་ས་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་གསར་པ་ཨེན་ཌི་བྷར་ནམ་མཆོག་ལ་འཚམས་འདྲི་གནང་བ།

༧གོང་ས་མཆོག་ནས་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འཚམས་འཕྲིན་གནང་སྟེ་ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཐུགས་རེ་གནང་བ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༡ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་གནང་བའི་འཚམས་འཕྲིན་ནང་། ད་ལྟ་འཛམ་གླིང་འདི་དཀའ་ངལ་ཆེ་ཞིང་ངེས་གཏན་མེད་པའི་དུས་སྐབས་ཤིག་བརྒྱུད་བཞིན་ཡོད། ལོ་རྒྱུས་ཐོག་མཚོན་ན། ཁྱེད་ཀྱི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་ཐོན་མྱོང་ཡོད་པས། ཁྱེད་ཀྱིས་རང་གི་རྒྱལ་ཁབ་འཕེལ་རྒྱས་ཆེད་འབད་བརྩོན་གནང་བ་དང་དུས་མཚུངས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་ཞི་བདེ་དང་། བདེ་སྐྱིད་ཀྱི་ཆེད་དུ་ཐུན་མོང་གིས་རེ་འདུན་བཅངས་པ་བཞིན་རྒྱལ་ཁབ་གཞན་དང་མཉམ་ལས་གནང་སྟེ་ང་ཚོས་མྱུར་དུ་སེལ་དགོས་པའི་གནད་དོན་དང་ཡུན་རིང་གི་དཀའ་ངལ་གཉིས་ཀ་ཐག་གཅོད་ཐུབ་པའི་རེ་བ་ཡོད་ཅེས་བཀོད་གནང་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འཕྲིན་ནང་མུ་མཐུད་གསུངས་པར། ཁྱེད་ཀྱིས་མཁྱེན་གསལ་ལྟར། ང་ཚོ་བོད་པ་དང་ཁྱེད་ཀྱི་རྒྱལ་ཁབ་བར་ལོ་རྒྱུས་ཡུན་རིང་གི་དམིགས་བསལ་འབྲེལ་བ་ཞིག་ཡོད་པ་དང་། ངོས་རང་དབྱིན་ཡུལ་དུ་ཐེངས་མང་བསྐྱོད་རིང་། མི་སྣ་འདྲ་མིན་གྱིས་ངོས་ལ་མཛའ་བརྩེའི་སྣེ་ལེན་དང་། དེ་བཞིན་ངའི་ངོས་ནས་འགྲོ་བ་མིའི་རིན་ཐང་དང་། འཚེ་མེད་ཞི་བ། ཆོས་ལུགས་མཐུན་སྒྲིལ་བཅས་གོང་འཕེལ་གཏོང་ཐབས་ཀྱི་འབད་བརྩོན་ཁག་ལ་རྒྱབ་སྐྱོར་གནང་བར་ཡིད་རང་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་གསུངས་འདུག

༧གོང་ས་མཆོག་ནས་དབྱིན་ཡུལ་གྱི་སྲིད་བློན་གསར་པར་འཚམས་འཕྲིན་གནང་སྟེ་ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཐུགས་རེ་གནང་འདུག
༧གོང་ས་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་གསར་པ་ཨེན་ཌི་ བྷར་ནམ་མཆོག་ལ་འཚམས་འདྲི་གནང་བ། བཞུགས་སྒར་དུ་༧གོང་ས་མཆོག་གི་གོ་སྟོན་ལ་སྲུང་བརྩི་ཞུ་སྐབས། (Anushree Fadnavis/REUTERS)

འཚམས་འཕྲིན་གྱི་མཇུག་ཏུ་༧གོང་ས་མཆོག་གིས། དབྱིན་ཇིའི་མི་མང་གི་རེ་འདོད་དང་དགོས་མཁོ་སྐོང་རྒྱུ་དང་། མ་འོངས་པར་འཕྲད་རྒྱུའི་དཀའ་ངལ་ལ་གདོང་ལེན་གྱིས། ཀུན་གྱི་ཆེད་དུ་ཞི་བདེ་དང་བྱམས་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ལམ་བུའི་ཐོག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཀོད་གནང་འདུག

དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱིས་གཞུང་འཛིན་གསར་པར་རེ་སྐུལ།

དབྱིན་ཡུལ་རྒྱལ་ས་ལོན་ཌོན་དུ་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པར། དབྱིན་ཡུལ་གྱི་སྲིད་བློན་གསར་པ་ཨེན་ཌི་བྷར་ནམ་མཆོག་ལ་དོན་གཅོད་ཁང་གི་ངོས་ནས་ཀྱང་འཚམས་འདྲི་ཞུ་བཞིན་ཡོད་པ་དང་། སྤྱིར་དབྱིན་ཡུལ་གྱི་ངལ་རྩོལ་ཚོགས་པ་གཞུང་འཛིན་ཆགས་པ་ནས་བཟུང་། རྒྱ་ནག་དང་དཔལ་འབྱོར་གྱི་འབྲེལ་བ་གཟབ་རུ་ཕྱིན་ཏེ། དཔོན་རིགས་ཚོ་གཅིག་རྗེས་གཉིས་མཐུད་ངང་རྒྱ་ནག་ལ་ཕེབས་པ་སོགས་འབྲེལ་བ་བཟང་རུ་ཕྱིན་ཡོད་ཀྱང་། དབྱིན་ཇིའི་གཞུང་དང་ང་ཚོ་བོད་རང་བཙན་ཡིན་པའི་གནས་བབ་ལ་ཕན་ཚུན་འབྲེལ་བ་ཡག་པོ་བྱུང་ཡོད་ལ། དབྱིན་ཇིའི་གཞུང་ནི་ང་ཚོ་རང་བཙན་ཡིན་པའི་གནས་བབ་ཆ་ཚང་རྒྱུས་ཡོད་མཁན་ཞིག་ཡིན་པ་མ་ཟད། དབྱིན་ཇིའི་གཞུང་འདིས་ཆོས་དད་རང་དབང་དང་ཁོར་ཡུག་སྲུང་སྐྱོབ་ཐད་གལ་ཆེ་བརྩི་མཁན་གྱི་གཞུང་ཞིག་ཡིན་དུས། རྒྱ་ནག་གཞུང་དང་འབྲེལ་བ་གནང་བའི་བརྒྱུད་རིམ་ནང་ཉིན་ཞིག་ང་ཚོ་ལ་རྒྱབ་སྐྱོར་གནང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་དང་། ཁོང་གིས་མུ་མཐུད་གསུངས་པར། དེ་སྔོན་དབྱིན་ཇིའི་གཞུང་གིས་ང་ཚོར་Suzeraintyཟེར་བདག་པོའི་དབང་ཆ་ལྡན་པའི་གནས་བབ་ཅིག་འཛིན་ཡོད། འོན་ཀྱང་ ༢༠༠༨ ལོ་ནས་གནས་བབ་འདི་མེད་པ་ཆགས་ཏེ་བོད་འདི་རྒྱ་ནག་གི་མངའ་ཁོངས་ཆ་ཤས་ཡིན་པར་ངོས་འཛིན་གནང་ཡོད། དེའི་རྗེས་སུ་ང་ཚོས་རིམ་པ་བཞིན་ཞུ་གཏུག་བྱས་ཏེ་སྲིད་བྱུས་འདིར་ཡོ་བསྲང་དགོས་པ་ཞུས་ཡོད། ༢༠༠༨ ལོར་Suzeraintyཟེར་བདག་པོའི་དབང་ཆ་ལྡན་པའི་གསུང་སྟངས་ལ་བསྒྱུར་བ་བཏང་པའི་རྒྱུ་མཚན་ནི་Suzeraintyཟེར་བདག་པོའི་དབང་ཆ་ཞེས་པའི་ཐ་སྙད་རྙིང་པ་ཡིན་པ་དང་། ཡིན་ན་ཡང་བོད་ནང་ཆོས་དད་རང་དབང་ལ་དཀའ་ངལ་ཡོང་པར་ཁོང་ཚོས་ངོས་འཛིན་གནང་གི་ཡོད། དེར་བརྟེན་རྒྱ་ནག་གཞུང་དང་མཉམ་དུ་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་རྒྱུར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་དེ་སྔོན་གསུངས་པ་བཞིན་བོད་དང་རྒྱ་ནག་དབར་ལ་ཉིན་ཞིག་ཞི་བའི་གྲོས་མོལ་ཡོང་བར་དབྱིན་ཇིའི་གཞུང་གིས་མུ་མཐུད་འབད་བརྩོན་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་བྱུང་།

ཨེན་ཌི་བྷར་ནམ་མཆོག་ལ་འཚམས་འཕྲིན་གནང་སྟེ་ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཐུགས་རེ་གནང་བ།
༧གོང་ས་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་གསར་པ་ཨེན་ཌི་བྷར་ནམ་མཆོག་ལ་འཚམས་འདྲི་གནང་བ། ༢༠༢༦ ཟླ་༧ ཚེས་༢༠ ཉིན་ལོན་ཌོན་གྱི་ཝིཀ་ཊོ་རི་ཡ་ས་གནས་སུ་རོགས་སྐྱོར་བྱེད་མཁན་གྱི་སྦྱིན་བདག་ཚོགས་པར་ལྟ་སྐོར་གནང་སྐབས། (REUTERS)

དབྱིན་ཡུལ་གྱི་སྲིད་དོན་དང་སྲིད་བློན་གྱི་རྒྱབ་ལྗོངས།

ཉེ་བའི་ལོ་ངོ་བཅུའི་རིང་དབྱིན་ཡུལ་གྱི་ཆབ་སྲིད་ནང་སྲིད་བློན་ཡང་ཡང་བརྗེ་ལེན་བྱུང་སྟེ། ༢༠༡༦ ལོ་ནས་བཟུང་སྲིད་བློན་བདུན་བརྗེ་ལེན་བྱུང་ཡོད་ཅིང་། ཨན་ཌི་བྷར་ནམ་མཆོག་གིས་ ༢༠༢༦ ལོའི་ཟླ་ ༧ ཚེས་ ༢༠ ཉིན་སྲིད་བློན་གྱི་ལས་འགན་བཞེས་སྐབས། རང་ཉིད་ནི་ལོ་བཅུའི་ནང་གི་སྲིད་བློན་དྲུག་པ་དང་། ༢༠༡༦ ལོ་ནས་བཟུང་བརྩིས་ན་སྲིད་བློན་བདུན་པ་འདི་ཡིན་པར་གསུངས་འདུག ཁོང་ནི་དབྱིན་ཡུལ་གྱི་ངལ་རྩོལ་ཚོགས་པའི་དབུ་ཁྲིད་དང་། ༢༠༠༧ ནས་ ༢༠༡༠ བར་དབྱིན་ཡུལ་གྱི་འཕྲོད་བསྟེན་བློན་ཆེན་སོགས་ལས་འགན་ཁུར་མྱོང་ཡོད་པར་མ་ཟད། ཕྱི་ལོ་ ༢༠༡༧ ནས་ ༢༠༢༤ བར་མན་ཅེ་སི་ཊར་གྲོང་ཁྱེར་གྱི་སྤྱི་ཁྱབ་གནང་སྟེ་ས་གནས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཞབས་ཞུའི་ཐོག་ གྲུབ་འབྲས་ཡོད་མཁན་གྱི་སྲིད་དོན་པ་གྲགས་ཅན་ཞིག་ཆགས་ཡོད་འདུག ཁོང་གི་གཞུང་འཛིན་འཆར་གཞིའི་གཙོ་བོ་ནི་མང་ཚོགས་ཀྱི་འཚོ་བའི་འགྲོ་སོང་གི་དཀའ་ངལ་སེལ་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཞབས་ཞུ་ཁག་ལ་བསྐྱར་བཅོས་བྱས་ཏེ་རྒྱལ་ཁབ་བརྟན་ལྷིང་ཡོང་བར་འབད་བརྩོན་གནང་རྒྱུ་དེ་རེད་འདུག

ཕྱི་ལོ་ ༢༠༡༦ ལོར་དབྱིན་ཡུལ་འདི་བཞིན་ཡོ་རོབ་མཐུན་ཚོགས་ནས་ཕྱིར་ཐོན་བྱས་པ་ནས་བཟུང་། དབྱིན་ཇིའི་རྒྱལ་ཁབ་ནང་སྲིད་དོན་དང་དཔལ་འབྱོར་གྱི་གནས་སྟངས་བརྟན་ལྷིང་མེད་པར་གྱུར་ཡོད། འདི་ལོའི་ཟླ་ ༧ ཚེས་ ༢༠ ཉིན་ཨེན་ཌི་བྷར་ནམ་མཆོག་དབྱིན་ཡུལ་གྱི་སྲིད་བློན་ ༥༩ པར་འོས་འདེམས་བྱུང་ཡོད་པ་རེད།།